ཨ་ཕྷི་རི་ཀིའི་དམངས་ཁྲོད་སྒྲུང་གཏམ།

སྤྱང་ཀི་དང་བྱི་བ།

༄༅།། སྐབས་ཤིག་ལ། ནགས་ཚལ་སྟུག་པོ་ཞིག་ཏུ་བྱི་བ་ཧ་ཅང་ཆེན་པོ་ཞིག་བྱུང་བ་དང་། ནགས་ཚལ་དེར་གནས་པའི་བྱི་བ་རྣམས་ཀྱིས་བྱི་བ་ཆེན་པོ་དེ་ཁོང་ཚོའི་མགོ་དཔོན་ལ་བསྐོས་པ་རེད། སྐབས་དེར། བྱི་བ་བསྡོད་སའི་ནགས་འདབས་སུ་ལྟོགས་སྐོམ་གྱིས་དེད་པའི་སྤྱང་ཀི་ཞིག་སླེབས་ཏེ། བྱི་བ་རྒྱག་པ་དེ་དག་མཐོང་ནས་ཟ་འདོད་ཀྱི་འགྲམ་ཆུ་ཁ་ལ་ལངས། འོན་ཀྱང་། བྱི་བ་གསོད་པའི་ཐབས་ལམ་ཡག་པོ་ཞིག་མ་རྙེད་པས། བསམ་བློ་མང་བོ་གཏོང་དགོས་བྱུང་།

ཉིན་ཞིག་ཁོས་ཐབས་ཤིག་རྙེད། ཐབས་དེ་ནི་བྱི་བ་རྣམས་འགྲོ་ལམ་གྱི་ནགས་འདབས་སུ་ཙོག་པུར་རྐང་མགོར་ཡར་ལངས་ཏེ་བྱི་བ་ལ་མགོ་སྐོར་གཏོང་རྒྱུ་དེ་རེད།

 

ཕྱིན་ཉིན་བྱི་བ་རྣམས་ནགས་འདབས་སུ་ཡོང་དུས། རྐང་མགོར་ཡར་ཙོག་ནས་ཡོད་པའི་སྤྱང་ཀི་ཞིག་ཡོད་པ་མཐོང་བ་དང་། བྱི་བའི་དཔོན་པོ་ལ་ཞུས། དེ་ནས་བྱི་བའི་དཔོན་པོ་སྤྱང་ཀིའི་མདུན་དུ་སོང་སྟེ། སྐུ་ཞབས། སྐུ་ཞབས་སྤྱང་ཀི་ལགས། ཁྱོད་འདི་ལྟར་ཡང་ལངས་ནས་འདུག་དོན་ག་རེ་ཡིན་ནམ་ཞེས་དྲིས། སྤྱང་ཀི་ན་རེ། ང་སྤྱང་ཀི་རྐང་གྱོལ་ཞིག་ཡིན། ང་ལག་པའི་ཐོག་ཏུ་འགྲོ་བ་མང་དྲགས་ནས་ད་ལྟ་རྐང་བ་ན་གི་འདུག་ཅེས་ལན་བཏབ། ཡང་བྱི་བའི་དཔོན་པོ་དེས། དེ་ན་ཁྱོད་ཀྱི་ཁ་གདངས་ནས་འདུག་དགོས་དོན་ག་རེ་རེད་ཞེས་དྲིས། སྤྱང་ཀི་ན་རེ། ངའི་ཁ་ནང་ལ་རླུང་རྒྱག་པའི་ཆེད་དུ་ཡིན་ཞེས་བཤད། བྱི་བའི་དཔོན་པོས། ཁ་ལ་རླུང་རྒྱབ་ན་ཕན་ཐོགས་ག་རེ་ཡོད་པ་རེད་ཅེས་དྲིས། སྤྱང་ཀིས། ངའི་འཚོ་བརྟེན་རླུང་ཡིན་པས། ངའི་ཁོག་ལ་རླུང་ཅུང་ཟད་གསོག་མ་ཐུབ་པ་ཡིན་ན། ང་འགྲོ་མི་ཐུབ་ལ་ལངས་ནས་ཀྱང་འདུག་མི་ཐུབ་ཅེས་བཤད།

བྱི་བའི་དཔོན་པོ་དང་བྱི་བ་ཚོས་སྤྱང་ཀིར་སྙིང་རྗེ་དང་ཡ་མཚན་སྐྱེས་ཏེ། ཕྱིར་ནགས་ཚལ་དུ་ལོག ཁོང་ཚོ་ནགས་ཚལ་ནང་འཛུལ་བ་དང་ལྷན་ཅིག སྤྱང་ཀིའི་ཡན་ལག་རྣམས་མར་ཕབས་ཏེ་བསྡད། ཕྱི་ཉིན་ཡང་བྱི་བའི་དཔོན་པོས་བྱི་བ་རྣམས་ཁྲིད་དེ། སྤྱང་ཀི་ལ་ལྟ་རུ་སོང་བ་དང་། ལུས་སེམས་ལ་བདག་གཅེས་བྱེད་དགོས་པའི་སློབ་གསོ་བྱས། སྤྱང་ཀི་སེམས་སྐྱོ་མདོག་དང་ཉམ་ཆུང་ངང་སྡོད་ཀྱིན་ཡོད་པ་དང་། བྱི་བ་རྣམས་ཕྱིར་འགྲོ་རན་དུས། སྤྱང་ཀིས་བྱི་བ་གཞུག་མ་དེ་བཟུང་ནས་ཟ་བཞིན་ཡོད་པ་རེད།

དུས་ཡིན་ཅུང་རིང་བོར་སོང་དུས། བྱི་བའི་དཔོན་པོས་བྱི་བའི་གྲངས་ཀ་ཇེ་ཉུང་ཡིན་པ་ཤེས་རྟོགས་བྱུང་ནས། སྤྱང་ཀི་ལ་དོག་པ་ཟོས། ཕྱི་ཉིན་ཞོགས་པར། བྱི་བའི་དཔོན་པོས་བྱི་བ་རྣམས་ལ་བརྗོད་དོན། སང་ཉིན་ང་ཚོ་ཕྱིར་ནང་ལ་ཡོང་དུས། ཁྱོད་ཚོ་སྔོན་མ་བྱོས་ལ་སོང་དང་། ང་མཇུག་ནས་ཡོང་གི་ཡིན་ཞེས་བཤད།

ཕྱི་ཉིན་བྱི་བའི་དཔོན་པོས་སྔར་ལྟར་བྱི་བ་ཚང་མ་སྔོན་ལ་མངགས། རང་ཉིད་མཇུག་ཏུ་བསྡད་དེ་ཕྱིར་ལོག་གྲབས་ཡོད་དུས། སྤྱང་ཀི་ཁོའི་སྟེང་ལ་མཆོང་། བྱི་བའི་དཔོན་པོ་ཤུགས་ཀྱིས་མདུན་དུ་མཆོང་བས། སྤྱང་ཀིས་ལག་ནས་ཤོར་སོང་བ་རེད།

དེ་ནས་བྱི་བའི་དཔོན་པོས་སྤྱང་ཀི་ལ་འདི་སྐད་དུ་སྨྲས་སོ། ཡ་སྤྱང་ཀི། ད་ཡིན་དུས། ཁྱོད་ཤ་ཟན་ཞིག་རེད་འདུག འཚོ་བ་རླུང་ལ་བརྟེན་པ་སྐྱག་རྫུན་རེད་འདུག ཁྱོད་ཀྱིས་ངའི་སྤུན་ཟླ་མང་བོ་བསད་དེ་ཟོས་འདུག་པས། དེ་རིང་ངས་དགྲ་ཤ་ལེན་གྱི་ཡིན་ཞེས་བཤད་ཞོར་དུ། སྤྱང་ཀིའི་རྐེ་ལ་མཆོང་སྟེ་མིད་ཐག་ལ་སོ་བཏབ་ནས་སྤྱང་ཀི་བསད་པ་རེད། དུས་དེ་བཟུང་བྱི་བ་རྣམས་སྤྱང་ཀིའི་འཇིགས་པ་ལས་ཐར་ཏེ་ཞི་བདེར་གནས་ཐུབ་པ་བྱུང་ངོ།།

མཁས་གྲུབ་གྱིས་བསྒྱུར། ལྕགས་མོ་འཚོས་ལེགས་བཅོས་བྱས།

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག