༄༅།། མནའ་མ་དུང་མོ་མཚོ།

30/09/2012 11:37

 

དུང་སྐྱོང་རྒྱལ་དང་དུང་མོ་མཚོ་གཉིས་བཀྲ་ཤིས་པའི་གཉེན་སྒྲིག་བྱ་རྒྱུ་ཐག་བཅད་པས། དུང་སྐྱོང་རྒྱལ་བཟའ་ཚང་གང་བོ་ཤིན་ཏུ་དགའ་འདུག་མོད། འོན་ཀྱང་། ལོ་བདུན་ཅུ་ལྷག་སོན་པའི་ཨ་ཕྱིའི་བཞིན་རས་སུ་ད་དུང་དགའ་བའི་མདོག་སྤུ་ཙམ་ཡང་མ་མཆིས། མོ་དང་སྔོན་ཆད་ཀྱི་མནའ་མ་ལྷ་མོ་མཚོ་

 

གཉིས་ཀྱི་བར་ལ་འགྲིག་མཐུན་མ་ཡོང་ཕྱིར། མོས་ནམ་ཡང་ཟས་འཁྱག་གམ་གོས་ཧྲུལ་ཙམ་ལ་བརྟེན་ནས་འཚོ་ཐབས་བྱེད་ཀྱིན་འདུག ལོ་མང་བོའི་རིང་མནའ་མ་དང་མ་འགྲིག་སྟབས། ཁོ་སེམས་ལ། དེང་དུས་མནའ་མ་བཟང་རྒྱུ་མེད། རྐུན་མའི་ཚིག་ལ་རློམ་རྒྱུ་མེད། ཅེས་པའི་ཕྱོགས་ལྷུང་གི་ལྟ་ཚུལ་འཁྲིགས་པོ་ཞིག་བཟུང་འདུག ཁོ་མོིའི་སེམས་སུ་ཚ་བོའི་ད་ལྟའི་མནའ་མ་འདིའང་མནའ་མ་ལྷ་མོ་མཚོ་ལས་སྡུག་པ་མིན་ཡང་། དགའ་བའང་ཡིན་མི་སྲིད་སྙམ་བཞིན་ཡིད་མུག་གིན་བསྡད།

 

དུང་མོ་མཚོ་དུང་སྐྱོང་རྒྱལ་ཚང་ལ་ཡོང་མ་ཐག་ནས། ཨ་ཕྱི་ལོ་ལོན་ཡོད་སར་སོང་ནས་ཁ་བརྡ་བྱེད་པ་དང་བདེ་སྡུག་མང་བོ་དྲིས་པར་མ་ཟད། ད་དུང་ཁོ་མོར་ཚར་ལྭ་གཅིག དྲོ་ཞིང་མཐུག་པའི་ཉལ་ཐུལ་ཉལ་གདན་གསར་བ་ཆ་ཚང་ཞིག་བཟོ་དགོས་ཚུལ་བཤད། གཉེན་ཚང་གིས་དེ་ཙམ་སྒྲིག་རྒྱུ་ནི་ལས་སླ་མོ་འདུག་སྙམ་བཞིན་དགའ་སྤྲོའི་ངང་མྱུར་དུ་བཟོ་རྒྱུ་ཐག་བཅད། ཨ་ཕྱི་ལོ་ལོན་གྱིས། ཨ་མའི་ནུ་རིན་ལ་འབྲི་དང་། ཨ་ཕའི་གསོས་རིན་ལ་རྟ་དགོས་ཟེར་སྲོལ་ཡོད་པས། ཉལ་ཐུལ་དང་ཉལ་གདན་དགོས་ཚུལ་བཤད་པ་ནི་གླེན་མོ་འདི་ལས་མཐོང་མ་མྱོང་སྙམ་བཞིན་དུ་ཁ་རོག་བསྡད།

ཚར་ལྭ་དང་ཉལ་ཐུལ་ཉལ་གདན་ཚང་མ་བཟོས་ཚར་རྗེས། དུང་མོ་མཚོ་བོས་ལྟ་རུ་བཅུག་པ་ལ། ཁོ་མོ་ན་རེ། ཕར་བལྟས་ན་ཡག་པོ་འདུག་མོད་ཀྱང་། ཨ་ཕྱི་ཁྲིད་ཡོང་ནས་འགྲིག་མིན་ལ་ལྟ་རུ་བཅུག་ན་ད་གཟོད་ཤེས་ཟེར། ཅང་མ་འགོར་བར། ཨ་ཕྱིས་ལག་རྟེན་ཞིག་ལ་བརྟེན་ཏེ་དུང་མོ་མཚོ་ཡོད་སར་བསླེབས་པ་ན། ཁོ་མོ་མགྱོགས་པར་ཡར་ལངས་ཏེ། ཨ་ཕྱི་བསྐྱོར་ནས་ཚ་ཐབ་སྟེང་དུ་འབུད་དུ་བཅུག ཨ་ཕྱིས་གསར་དུ་བཟོས་པའི་ཚར་ལྭ་དང་གོས་ཆེན་གྱི་ཕྱི་མ་སྤྲད་པའི་ཉལ་ཐུལ་ཉལ་གདན་མཐོང་རྗེས། རང་གི་གྱོན་འདུག་པའི་ལྭ་ཧྲུལ་དང་ཉལ་གདན་རྙིང་བ་ཡིད་ལ་ཤར་ཐོག ཡིད་སྐྱོ་བཞིན་མཆི་མ་དབང་མེད་དུ་ཤོར།

 

དུང་མོ་སྐྱིད་ཀྱིས་ངག་འཇམ་པོས། ཨ་ཕྱི་ལགས། ཁྱེད་ལ་སེམས་སྡུག་ཅི་ཞིག་གདའ་ཞེས་དྲིས། ཨ་ཕྱིས་དེང་སང་གི་མནའ་མ་ནི་ཅི་འདྲའི་སྐྱིད་པ་ལ་ཨང་། ཆུང་དུས་སྐྱིད་སྡུག་རང་གི་ལག རྒས་དུས་་སྐྱིད་སྡུག་གཞན་གྱི་ལག་ཟེར་བ་དེ་ཅིས་མི་བདེན་ཞེས་སྡུག་གཏམ་ཤོར་དུས།དུང་མོ་མཚོས་ཨ་ཕྱིའི་ཚིག་ནང་དུ་གཞན་ལ་བཤད་སྲོལ་མེད་པའི་སྡུག་བསྔལ་གནས་པ་ཤེས་ཏེ།ཁོ་མོའི་ཡིད་ཀྱང་ཧ་ཅང་སྐྱོ་བ་དང་སྙིང་རྗེ་སྐྱེས་ཏེ། མིག་མཐའ་མཆི་མ་འཁོར་འཁོར་བྱེད་བཞིན་འདུག

 

ཅང་མ་འགོར་བར་དུང་སྐྱོང་རྒྱལ་ཚང་གི་བཟའ་མི་ཚང་དེར་འདུས་པ་ལ། དུང་མོ་མཚོས་འཛུམ་དམུལ་ངང་ན་རེ། ཚར་ལྭ་འདི་དང་ཉལ་ཐུལ་ཉལ་གདན་འདི་དག་ངས་ཨ་ཕྱི་ལ་བཟོས་ཡིན་པས། ད་ལྟ་ང་ཚོས་ཁོ་མོར་ཨེ་འགྲིག་གི་བལྟ་ཞེས་བཤད་ཞོར་དུ་ཚར་ལྭ་ཨ་ཕྱིའི་ལུས་ལ་བསྐོན། སྐབས་དེར་ཨ་ཕྱི་ལོ་ལོན་ད་གཟོད་གཉིད་ལས་སད་པ་ནང་བཞིན་ཧ་ལས་ཤིང་། སེམས་འགུལ་ཐེབས་པའི་རླུང་གིས་ལུས་ཀྱི་འཁྲི་ཤིང་གཡོས་ཏེ་འདར་ལྕུག་ལྕུག་བྱེད་བཞིན་དུ། དུང་མོ་མཚོའི་ལག་འགོར་འཇུས་ཤིང་། མིག་ཆུ་སྒོག་རིལ་འདྲ་བ་ལྭ་བའི་སྟེང་དུ་འཐོར་རོ། །

 

Back