༄༅།། རྒྱལ་པོས་བློན་པོར་བརྟག་པ།

30/09/2012 11:27

 

སྔོན་རྒྱལ་བོ་ཞིག་གིས་བློན་པོ་འོས་པའི་མི་ཞིག་འཚོལ་བཞིན་ཡོད་དུས། རང་གི་མངའ་འབང་ནང་དུ།རིག་བཟང་བསམ་འགྲུབ་འབོད་པའི་བུ་རིག་པ་ཅན་ཞིག་ཡོད་པ་ཐོས་ནས། དེ་ལ་བརྟག་ཕྱིར་། རང་ལ་དྲེའུ་ཞིག་ཡོད་པ་དེ་ཁོར་གསོ་དགོས་པའི་བཀའ་བཏང།

 

དེ་ནས་ཟླ་བ་ཁ་ཤེས་ཀྱི་རྗེས་སུ། མི་ཞིག་དྲེའུ་དེ་རྐུ་རུ་བཏང་ནས་ཕྱིར་བསྐོས་འོང་བའི་ཕྱི་ཉིན། རྒྱལ་བོ་དེ་རིག་བཟང་བསམ་འགྲུབ་གྱི་ཁྱིམ་དུ་དྲེའུ་ལེན་དུ་ཕྱིན། རིག་བཟང་བསམ་འགྲུབ་གྱིས་རྒྱལ་པོ་དྲེའུ་ལེན་དུ་འོང་བ་མཐོང་བ་དང་། ད་ཅི་དྲག་བསམ་སྟེ་ཐབས་བཙལ་བ་ན། ཐབས་ཡག་པོ་ཞིག་སྙེད་དེ་རྒྱལ་བོ་བསྒུག་ནས་བསྡད།

 

རྒྱལ་བོ་རང་གི་སྒོ་འགྲམ་དུ་བསླེབས་སྐབས། རང་གི་ཕའི་རྐེ་ལ་ཞོན་ཏེ་བརྡེགས་བཞིན་གནས་པ་ན། རྒྱལ་བོ་ན་རེ། ཁྱོད་ཀྱིས་འདི་འདྲའི་མ་རུང་བའི་ལས་བྱས་ནས་ཅི་བྱེད་ཅེས་དྲིས་པ་ན། རིག་བཟང་བསམ་འགྲུབ་གྱིས། རྒྱལ་བོ་ལགས། བདག་གིས་ཕ་འདུལ་བཞིན་པ་ལགས་ཞེས་ཞུས། རྒྱལ་བོ་ན། འཇིག་རྟེན་ན་ཆེས་བཀུར་འོས་པ་ནི་རང་གི་ཕ་མ་ཡིན་ན་ཁྱོད་ཀྱི་སྤྱོད་ངན་དེ་དོར་ཅིག་ཅིག་གསུང་བ་ན། རིག་བཟང་བསམ་འགྲུབ་ན་རེ།རྒྱལ་བོརིན་པོ་ཆེས་དེ་སྐད་མི་གསུང་བར་ཞུ། བདག་གིས་བསམ་ཚུལ་ལ་ཆེས་བཀུར་འོས་པ་ནི་བུ་ཡིན་པར་སེམས་སོ་ཞེས་ཞུས།

 

དེ་ནས་རྒྱལ་པོས་ཕ་མའི་བཀའ་དྲིན་རེ་རེ་བཞིན་གསལ་བཤད་བྱས་པ་ན། རིག་བཟང་བསམ་འགྲུབ་ན་རེ། དེ་ལྟར་ན་འཇིག་རྟེན་འདིར་ཕ་མ་དང་བུ་ཕྲུག་གཉིས་ཀྱི་ནང་ནས་ཆེས་བཀུར་འོས་པ་དེ་ཕ་མ་ཡིན་པ་རེད་དམ་ཞེས་དྲིས་པ་ན། དེ་ཡིན་ཡིན་དང་ཞེས་རྒྱལ་བོས་ཐེ་ཚོམ་མེད་པར་ལན་བཏབ་པ་དང་། ཕ་མ་ལ་མ་ལས་ལྷག་པར་བཀུར་དགོས་པའི་བུ་ཕྲུག་ཞིག་ཡོད་པ་མ་རེད་ཅེས་ཞེས་བཤད་པ་ན།

 

དེ་ནས་རིག་བཟང་བསམ་འགྲུབ་གྱིས་བུང་བུ་ཞིག་ཁྲིད་ཡོང་སྟེ་ན་རེ། རྒྱལ་པོ་ལགས། ཁ་སེང་དགོང་མོར་ཉིད་ཀྱི་དྲེའུ་དེ་རྐུན་པོས་བརྐུས་སོང་། འོན་ཀྱང་བདག་གིས་དྲེའུ་དེའི་ཕ་རྒན་དེ་འདིར་སྐུ་ཉིད་ལ་འབུལ་གྱི་ཡིན་པས་ན།རྒྱལ་པོ་རིན་པོ་ཆེས་ཕ་རྒན་འདི་ལ་གུས་བརྩི་གནང་རོགས་ཞེས་གྲབ་འདའ་རྒྱལ་པོས་ཕྱག་ཏུ་བཞག་པ་ན། རྒྱལ་པོ་བུ་རིག་བཟང་བསམ་འགྲུབ་གྱི་རིག་པ་ལ་ཡིད་ཤིན་དུ་འགུལ་སྟེ་བློན་པོར་བསྐོས་སོ།

 

 

Back