༄༅།། རྒྱུ་འབྲས་མེད་པའི་བུ་དང་མནའ་མ།

30/09/2012 11:30

 

གནའ་དུས་སུ། སྐྱིད་ཚང་ཟེར་བའི་སྡེ་བ་ཞིག་ཡོད་པ་ལ་ཨ་མེས་དང་ཨ་ཕ། ཨ་མ། ཚ་བོ་བཅས་མི་བཞི་ཡོད། ཨ་མེས་ཀྱིས་ཚེ་གང་བོར་ཁྱིམ་བསྐྱངས་པས་ད་ལྟ་མགོ་སྐྲ་དཀར་བོར་གྱུར་ལ། ཁ་ཡི་སོ་འཐོར། གདོང་ལ་གཉེར་མས་ཁེངས་ཏེ་རྒས་ཉམས་ཤར་ཞིང་ལུས་ཉམས་ཟད་དེ་རང་གི་བུའམ་མནའ་མར་བརྟེན་ནས་འཚོ་བ་རོལ་ཐབས་བྱེད།

 

བུ་དང་མནའ་མ་གཉིས་ཀྱིས་ཨ་མེས་སྙོར་རྒྱུ་ནི་འབྲས་མེད་ཀྱི་ཁུར་ཆེན་ཞིག་ཏུ་བརྩེས་ནས་ཁ་ལ་བཟའ་བ་ཟས་ལྷག་དང་། ལུས་ལ་གོན་པ་གོས་ཧྲུལ་བྱིན་པས་ཨ་མེས་རྒྱུན་པར་ལྟོ་མི་འགྲངས་ཤིང་རྒྱབ་མི་ཁེབས་པའི་སྡུག་མྱངས་པར་མ་ཟད། ད་དུང་མནའ་མས་སྡིགས་དམོད་བྱེད་པའང་ཉན་དགོས་པ་རེད། ཚུལ་དེ་ཚ་བོས་མཐོང་ནས་ཨ་མེས་ལ་སྙིང་རྗེ་སྐྱེས་ཏེ་རྒྱུན་པར་རང་ཉིད་ཀྱི་ཟས་སྐལ་བགོས་ནས་ཕྱེད་ཀ་ཨ་མེས་ལ་བྱིན་ནས་མཉམ་ཟ་བྱས།

 

དེ་ལྟར་དུས་ཡུན་རིང་བོ་འགྱངས་ཚེ་བཟའ་ཟླ་གཉིས་ཀྱིས་ལྐོག་ཏུ་ཨ་མེས་ས་ཐག་རིང་ཞིག་ལ་སྐྲོད་རྒྱའིགྲོས་བྱས། ཁྱོ་བོས་བཤད་རྒྱུར། ཁོ་རིང་ས་ཐག་རིང་ཞིག་ལ་བསྐད་ནས་ཕྱིར་ཡོང་མི་ཐུབ་པ་ཞིག་བྱས་ན་མི་སེམས་བཟང་ཞིག་དང་འཕྲད་སྲིད་ནའང་། ཞེས་ཟེར་བ་ལ། བུད་མེད་ཀྱིས་སྡེ་བའི་ནང་གི་མི་རྣམས་ཀྱིས་ཨ་མེས་མེད་པ་ཤེས་ནས་དོན་དེ་དྲིས་བྱུང་ན་ཇི་ལྟར་ལན་འདེབས། ཞེས་དྲིས་པར། ཁྱོ་བོས་ཨ་མེས་ཡུལ་གཞན་ཞིག་ཏུ་བདེ་སྐྱིད་ཀྱི་འཚོ་བ་རོལ་བར་བུད་སོང་ཞེས་བཤད་ཆོག་ཅེས་པ་ན། ཁྱོ་ཤུག་གཉིས་གྲོས་འཆམས་བྱུང་། ཕྱི་ཉིན་ས་རུབ་མ་ཐག་བཟའ་ཟླ་གཉིས་ཀྱིས་ཨ་མེས་སླེ་བོ་ཞིག་གི་ནང་ལ་འཇོག་རྩེས་བྱས་པ་ན། ཨ་མེས་ཀྱིས་དོན་མི་ལེགས་པ་ཤེས་ནས་འཚབ་འཚུབ་ཀྱིས་ངང་ནས། ཁྱོད་གཉིས་ཀྱི་ཅི་བྱེད་པ་ཡིན། ཞེས་དྲིས། ཁྱོ་ཤུག་གཉིས་ན་རེ། ངེད་གཉིས་ཀྱིས་ངོ་མ་ཁྱོད་གསོ་མི་ཐུབ་པས་ཁྱོད་རང་ཡུལ་གཞན་ཞིག་ཏུ་བསྐྱལ་རྒྱུ་ཡིན། གནས་དེར་ཁྱོད་ཀྱིས་བདེ་སྐྱེད་ཀྱི་འཚོ་བ་རོལ་ཐུབ་ངེས་ཡིན་ཞེས་ཟེར་བཞིན་བཙན་ཤུགས་ཀྱིས་ཨ་མེས་སླེ་བོའི་ནང་བཅུག ཨ་མེས་ཀྱིས་རང་ཉིད་ལ་མགོ་སྐོར་བཏང་བ་ཤེས་ནས་ཁོར་ཁྲོའི་ངང་། ཁྱི་རྒན། ངོ་ཚ་མེད་པའི་ཁྱི་རྒན། ཁྱོད་ཀྱི་ཕའི་དྲིན་ལན་འདི་ལྟར་མཇལ་རྒྱུ་ཡིན་ནམ་ཞེས་སྡིགས་མོ་བྱས། བུ་དང་མནའ་མ་གཉིས་ཀྱིས་དེ་དག་སྣང་མེད་དུ་བཞག་ནས་ཕར་ད་དུང་། གླང་རྒན་གྱི་རྐང་ལག་བརྟན། རྒན་ངན་གྱི་ཁ་སྡིགས་མི་ཚར་ཟེར་བ་ཁྱོད་ལ་ཟེར། ཁ་རོག་སྡོད། ཅེས་ཟེར་བཞིན་སླེ་བོ་རྒྱབ་ཏུ་ཁུར་ནས་ཕྱིར་སོང་།

ཚ་བོས་ཨ་ཕ་འགྲོ་བའི་རྗེས་སུ་སྐད་ཆེན་པོས། ཨ་ཕ་ལགས། ཁྱོད་ཀྱིས་ཨ་མེས་འཕངས་རྗེས་སླེ་བོ་མ་བརྗེད་པར་ཕྱིར་ཁྱེར་ཤོག་ཅེས་བཤད་པ་ན།

ཨ་ཕས་སྐད་དེ་ཐོས་རྗེས། ཅི་ཡིན་མ་ཤེས་པར་ཡ་མཚན་པའི་ངང་ནས། ཁྱོད་ཀྱིས་ཅི་བྱ་རྒྱུ་ཡིན་ཞེས་དྲིས་པར། ཚ་བོ་སྔར་བཞིན་དེར་ལངས་ནས་དྲང་བོའི་ཚིག་གིས་ཁྱོད་རང་རྒས་པར་གྱུར་ཚེ་ངས་ཀྱང་ཁྱོད་འདི་ལྟར་ཁུརདགོས་པས་སླེ་བོ་འདི་ང་ལ་དགོས་མཁོ་ཡོད་ཅེས་ཟེར། ཨ་ཕས་གཏམ་དེ་ཐོས་པ་ན་སྒྱེད་པ་འདར་ཞིང་མིག་ནས་མཆི་མ་འཁོར་བཞིན་ཨ་མེས་ཕྱིར་འཁུར་དེ་ཐོན་ནོ།།

 

Back