གངས་དཀར་ལྷ་མོ།

31/08/2016 21:58

གནའ་སྔ་མོ་སྔ་མོ་ཞིག་ན། རྒྱལ་མོ་ཚ་བ་རོང་གི་གྲོངགསེབ་ཅིག་ཏུ། ཕ་མ་གཉིས་ཀ་མེད་པའི་ན་གཞོན་ཁྲོ་བོ་སྐྱབས་ཟེར་བ་ཞིག་ཡོད།  ཁྲོ་བོ་སྐྱབས་ཀྱིས་དུས་རྒྱུན་དུ་ཚོང་ར་ནས། བུད་ཤིང་ཉོ་རུ་ཤོག བུད་ཤིང་ཉོ་རུ་ཤོག བུད་ཤིང་སྐམ་པོ་ཡིན་ཞེས་བུད་ཤིང་འཚོང་བཞིན་འཚོ་བ་འཁྱོལ་ཐབས་བྱེད་བཞིན་ཡོད་པ་རེད།  

ཁ་བ་ཆེན་པོ། ཆེན་པོ་བབས་པའི་དགོང་མོ་ཞིག་ལ། ཁྲོ་བོ་སྐྱབས་རི་བོ་མཐོན་པོ་ཞིག་གི་མགོ་ནས་མར་བབས་ནས་ཡོང་དུས། གློ་བར་དུ་བྱ་ཁྲུང་ཁྲུང་དཀར་མོ་ཞིག མདུན་ན་རྙི་ཡིས་བཟུང་ནས། རྐང་འབྲད་ལག་འབྲད་བྱེད་བཞིན་ཡོད་པ་མཐོང་། ཁོ་སྙིང་རྗེ་སྐྱེས་ནས། བྱ་ཁྲུང་ཁྲུང་དཀར་མོ་དེ་རྙི་ལས་བཏང་།  

ནུབ་མོ་དེར་ཁྲོ་བོ་སྐྱབས་ཀྱིས་རྩམ་པ་ཞིམ་པོ་ཞིམ་པོ་ཞིག་ཟོས་ནས་ངལ་གསོས། སྐབས་དེར་བུ་མོ་ཞིག་གིས་ཁོའི་ཁང་བའི་སྒོ་ཐག་ཐག་ཐག་བརྡུང་ཞོར་དུ། ཝ་ཡེ། སྐུ་ཞབས་ལགས། ང་ལ་སྒོ་ཕྱེ་རོགས་ཞེས་འབོད་ཀྱིན་པ་ཐོས།  

ཁྲོ་བོ་སྐྱབས་ཀྱིས་སྒོ་ཕྱེས་ནས་བལྟ་དུས། མདུན་དུ་བུ་མོ་ཡག་མ་ཞིག་ཡར་ལངས་ནས་འདུག་པ་མ་ཟད། བུ་མོ་དེས་སྐུ་ཞབས་ལགས། ངའི་མིང་ལ་གངས་དཀར་ལྷ་མོ་ཟེར། ང་ལ་དོ་ནུབ་གནས་ཚང་ཞིག་གཡར་རོགས་གནོངས་ཞེས་ཟེར་དུས། ཁྲོ་བོ་སྐྱབས་དགའ་སྟེ། ཡ་ཡ་ཞེས་ལན་འདེབས་ཞོར་དུ། གངས་དཀར་ལྷ་མོ་ནང་དུ་བསུས།  

ཕྱི་ཉིན་གངས་དཀར་ལྷ་མོས། བསམ་བློ་བཏང་བཏང་ནས་ཁྲོ་བོ་སྐྱབས་ལ། སྐུ་ཞབས། ང་ལ་འགྲོ་སའི་ཡུལ་དང་། འདུག་སའི་གནས་ཤིག་མེད་པས། ང་འདིར་བསྡད་ན་འགྲིག་གམ། ཞེས་དྲིས། ཁྲོ་བོ་སྐྱབས་ཀྱིས་འགྲིག་དང་འགྲིག ང་ཡང་མི་ཁེར་འདུག་ཅིག་ཡིན་ཞེས་ལན་བཏབ།  

དེ་ནས་ཁྲོ་བོ་སྐྱབས་སྔར་བཞིན་ནགས་ལ་བུད་ཤིང་འཐུ་རུ་སོང་བ་དང་། ཚོང་ར་ནས་བུད་ཤིང་བཙོང་སྟེ། བུ་མོ་གངས་དཀར་མཚོ་དང་ཁོ་རང་གཉིས་ཀྱི་ཁ་གསོ་ཐབས་དང་རྒྱབ་དྲོ་ཐབས་ཀྱི་ཕྱོགས་ལ་འབད།  

ཉིན་ཞིག་ཁྲོ་བོ་སྐྱབས་ཀྱིས་བུད་ཤིང་ཁུར་བོ་གཅིག་ཁུར་ཏེ་ནང་ལ་ཡོང་དུས། གངས་དཀར་ལྷ་མོས་གོས་ཆེན་ཡག་པོ་ཡག་པོ་ཞིག་འཐག་ནས་ཁྲོ་བོ་སྐྱབས་ལ། བརྩེ་བའི་མཛའ་བོ། གོས་ཆེན་འདི་བཙོང་དུ་སོང་དང་། རྗེས་ནས་ཁྱོད་ཀྱིས་བུད་ཤིང་འཐུ་དགོས་པ་མ་རེད་ཅེས་མངགས།  

ཁྲོ་བོ་སྐྱབས་ཀྱིས་ཚོང་ར་ནས། གོས་ཆེན་ཉོ་རུ་ཤོག གོས་ཆེན་ཉོ་རུ་ཤོག གོས་ཆེན་སྤུས་ལེགས་ཡིན། ཞེས་ཉིན་གང་བོར་སྐད་བརྒྱབ་ནའང་གོས་ཆེན་ཉོ་མཁན་མ་བྱུང་། ཚོང་བ་ཚོས་གཅིག་གིས་གཅིག་ལ། ཁོ་བུད་ཤིང་འཚོང་མཁན་དེ་རེད་ཅེས་ཁ་གཉེར་སྣ་གཉེར་བྱས།  

ཁྲོ་བོ་སྐྱབས་ཀྱི་སེམས་པ་སྐྱོ་བཞིན་རང་གི་ནང་ལ་ལོག བུ་མོ་གངས་དཀར་ལྷ་མོས། སེམས་ཁྲལ་མ་གནང་ཞེས་སེམས་གསོ་བྱས། ཁོས་མི་ངན་ལག་ནས་གསེར་མི་བྲིན་ཟེར་བ་ཅི་མ་བདེན། ཞེས་རང་གིས་རང་ལ་ལེ་འདེད་བྱས།  

ཕྱི་ཉིན་གངས་དཀར་ལྷ་མོས། ཁྲོ་བོ་སྐྱབས་ཀྱི་སྐྲ་དང་ཁ་སྤུ་བཞར། གྱོན་པ་གསར་བ་ཞིག་བསྐོན་ཏེ་མངགས། ཁོས་ཚོང་ར་ནས། སྔར་ལྟར། གོས་ཆེན་ཉོ་རུ་ཤོག གོས་ཆེན་ཉོ་རུ་ཤོག གོས་ཆེན་གསར་བ་ཡིན་ཞེས་སྐད་བརྒྱབ། སྐར་མ་ཁ་ཤས་ཀྱི་ནང་དུ། ཚོང་བ་མང་བོས་ཁོའི་མཐའ་བསྐོར། 

ཁྲོ་བོ་སྐྱབས་ཀྱིས། རིན་གོང་ཆེན་པོ་སུ་ཞིག་གིས་སྤྲད་ན་དེ་ལ་བཙོང་ཆོག་ཅེས་བཤད། ཚོང་བ་ཞིག་གིས། ངས་གསེར་སྒོར་བརྒྱ་སྤྲོད་ཆོག་ཟེར། ཚོང་བ་གཞན་གཅིག་གིས། ངས་གསེར་སྒོར་ལྔ་བརྒྱ་སྟེར་ཟེར། ཁྲོ་བོ་སྐྱབས་ཀྱིས། གསེར་སྒོར་གཅིག་སྟོང་མ་སྤྲད་ན་མི་བཙོང་ཞེས་བཤད། ཚོང་བ་ཞིག་དགའ་ཐག་ཆོད་ནས། གསེར་སྒོར་གཅིག་སྟོང་སྤྲད་དེ་གོས་ཆེན་ཉོས་སོང་།  

དེ་ནས་བཟུང་ཁྲོ་བོ་སྐྱབས་བུད་ཤིང་འཐུ་རུ་འགྲོ་མ་དགོས་པར། བུ་མོ་གངས་དཀར་མཚོ་དང་ལྷན་དུ་དགའ་དགའ། སྤྲོ་སྤྲོའི་ངང་འཚོ་བ་སྐྱིད་པོ་སྐྱེལ་བའི་འགོ་ཚུགས་སོང་། ཁྲོ་བོ་སྐྱབས་ཉིན་རེ་ནས་ཉིན་རེར། ཇེ་ཕྱུག་ནས་ཇེ་ཕྱུག་རེད། 

ད་ནི་ཁོ་རྒྱུ་ཐོག་ལ་ཅུང་ཟད་བརྒྱབ་ཡོད། ཡུལ་མི་དང་ཁྱིམ་མཚེས་ཚོས་ཀྱང་། ཁོ་ལ་གུས་ཞབས་བྱེད་པ་མ་ཟད། སྔོན་ཆད་མཐོང་ཆུང་དང་དམའ་འབེབས་བྱེད་མཁན་ཚོས་ཀྱང་། ཁོའི་མདུན་ལ་མགོ་སྒུར་སྒུར་དང། ལྕེ་ནར་ནར་བྱས།  

ཁྲོ་བོ་སྐྱབས་ཀྱི་སེམས་ལ། ལོངས་སྤྱོད་ཡོད་ན་ཐམས་ཅད་དགའ། ཟེར་བ་ཅི་མ་བདེན་བསམ་པ་དང་། གངས་དཀར་མཚོ་ལ་ཡང་བསྐྱར་གོས་ཆེན་གཅིག་འཐག་རོགས། ཞེས་རེ་བ་ཞུས། བུ་མོ་གངས་དཀར་ལྷ་མོས། བརྩེ་བའི་མཛའ་བོ། འཚོ་བ་ཇི་ལྟར་སྟབས་བདེ་ན། འུ་གཉིས་དེ་ལྟར་བདེ་ཞིང་སྐྱིད། འདོད་རྔམ་ཧ་ཅང་ཆེ་དྲགས་ན། མཇུག་འབྲས་ངན་པ་མགོ་ལ་འོང་། ཞེས་གནས་ལུགས་བཤད་ནའང་། ཁོས་གཏན་ནས་མོའི་ཁ་ལ་མ་ཉན།  

བུ་མོ་གངས་དཀར་ལྷ་མོ་བྱ་ཐབས་ཟད་དེ། ཡང་བསྐྱར་གོས་ཆེན་གཅིག་འཐག་རྒྱུ་ཁས་བླངས། དེ་ནས་མོས་གོས་ཆེན་ཧ་ཅང་ཡག་པོ་ཞིག་འཐག་ནས། གོས་ཆེན་འདི་བཙོང་རྩ་བ་ནས་མི་ཉན། ངེས་པར་དུ་ཁྱེད་རང་ལ་གྱོན་གོས་ཤིག་བཟོ་དགོས་ཞེས་བཤད།  

ཕྱི་ཉིན་ནམ་ལངས་དུས། ཁྲོ་བོ་སྐྱབས་གོས་ཆེན་བཙོང་དུ་ཚོང་རར་རྒྱུགས། སྐབས་དེར་ཚོང་བ་མང་བོས་འཚང་ཁ་བརྒྱབ། ཁྲོ་བོ་སྐྱབས་ཀྱིས་གསེར་སྒོར་ཁྲི་གཅིག་མ་ཁུག་ན་མི་བཙོང་ཞེས་བཤད། གནས་ཚུལ་དེ་རྒྱལ་མོ་ཚ་རོང་གི་དཔོན་མོ་རྣམ་རྒྱལ་སྒྲོལ་མས་ཐོས་ནས། བློན་པོ་ཞིག་གོས་ཆེན་ཉོ་རུ་མངགས།  བློན་པོ་དེ་ཚོང་རར་སོང་ནས། ཁྲོ་བོ་སྐྱབས་ལ་གསེར་སྒོར་ཁྲི་གཅིག་སྤྲད་དེ། ད་དུང་གོས་ཆེན་ཡོད་ན། རིན་གོང་དེ་ལས་མཐོན་པོ་སྤྲོད་རྒྱུ་ཡིན། ཞེས་བཤད་དེ་བུད་སོང་།  

ཁྲོ་བོ་སྐྱབས་ཀྱི་འདོད་རྔམ་ཆེ་རུ་ཕྱིན། གསེར་སྒོར་མ་གཏོགས་སེམས་ལ་གཞན་དྲན་རྒྱུ་གང་ཡང་མེད་པར་གྱུར། དེ་ནས་ཁོས་གངས་དཀར་ལྷ་མོ་ལ། ཡང་བསྐྱར་གོས་ཆེན་གཅིག་ངེས་པརའཐག་དགོས། ཞེས་ཨུ་ཚུགས་བྱས།  

 བུ་མོ་གངས་དཀར་ལྷ་མོས་ཁྲོ་བོ་སྐྱབས་ལ། རྒྱུ་མི་རྟག་རྩྭ་མགོའི་ཟིལ་བ་འདྲ་བའི་གནས་ལུགས་མང་བོ་བཤད། འོན་ཀྱང་། ཁོས་རྩ་བ་ནས་མ་ཉན། དེ་ནས་མོ་ཐབས་ཟད་དེ་ཁས་བླངས།  བུ་མོ་གངས་དཀར་ལྷ་མོས་ཁྲོ་བོ་སྐྱབས་ལ། ངས་གོས་ཆེན་འཐག་བཞིན་པའི་སྐབས་སུ་ཁྱོད་རྩ་བ་ནས། ངའི་འཐག་ཁང་དུ་ཡོང་མི་ཉན་ཞེས་བཤད་དེ། ཁོ་ལ་དམ་བཅའ་འཇོག་ཏུ་བཅུག 

དེ་ནས་བུ་མོ་གངས་དཀར་ལྷ་མོ་འཐག་ཁང་དུ་གོས་ཆེན་འཐག་ནས། དུས་ཡུན་རིང་བོར་ཕྱིར་མ་ཡོང་། ཁྲོ་བོ་སྐྱབས་ཀྱིས་གསེར་སྒོར་གྲངས་ཀ་སྟོང་བརྒྱབ་ཏེ་གཉིད་མ་ཁུག་པས་བསྒུག་ནས་སྡོད་མ་ཐུབ་པར། འཐག་ཁང་ནང་དུ་འཛུལ།  

འཐག་ཁང་ནང་དུ་ཁྲུང་ཁྲུང་དཀར་མོ་ཞིག་གིས་རང་གི་ལུས་ཀྱི་སྤུ་རྣམས་བཏོག་སྟེ། གོས་ཆེན་ཞིག་འཐག་བཞིན་པ་མཐོང་། སྐབས་དེར། ཁྲུང་ཁྲུང་དཀར་མོས། ཧ་ཅང་འདོད་རྔམ་ཆེ་དྲགས་ན། ཡོད་ཚད་རང་གི་ལག་ནས་ཤོར། ཡིད་ཆེས་བྱེད་པའི་གནས་མེད་ན། བུ་མོ་མི་འདུག་རང་ཡུལ་འགྲོ་ཞེས། ཕུ་ཐག་ཐག་ཅེས་རྒྱང་རིང་བར་འཕུར་སོང་ངོ་།། 

 

མཁས་གྲུབ་གྱིས་བསྡུ་སྒྲིག་དང་ཨ་འཇམ་དང་གཟུངས་ཕྱུག་སྐྱིད་གཉིས་ཀྱིས་ལེགས་བཅོས་བྱས།

 

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

 

Back

Topic: གངས་དཀར་ལྷ་མོ།

No comments found.