<a href="https://cialisle.com/">cialis 20mg</a>
གཡག་རྒོད་ཀྱི་ལོ་འཁོར་སྙན་ཐོ།
16/12/2013 22:22
སྤྱི་ལོ་༢༠༡༢་ལོའི་སྤྱི་ཟླ་ ༩ བ་ནས སྤྱི་ལོ་༢༠༡༣ ལོའི་སྤྱི་ཟླ་༡༢་བར།
གཡག་རྒོད་དང་བླངས་རྩོམ་སྒྲིག་ཚོགས་ཆུང་།
ན་ནིང་གི་སྤྱི་ཟླ་དགུ་བའི་ནང་མི་སྣ་དྲུག་ལས་གྲུབ་པའི་གཡག་རྒོད་དང་བླངས་རྩོམ་སྒྲིག་ཚོགས་ཆུང་གསར་འཛུགས་བྱས་ཏེ། གཡག་རྒོད་ཀྱི་མིང་བྱང་དང་། དམིགས་འཛིན། ལངས་ཕྱོགས་སོགས་ལ་བསྒྱུར་བཅོས་གནང་བ་དང་འབྲེལ། ལས་དོན་གྱི་ཁ་ཕྱོགས་གསལ་བཟོས་ཀྱིས་མཉམ་འབྲེལ་གྱི་ལས་ཀའི་ངོ་བོར་བསྒྱུར་ཡོད། ཚོགས་མི་རྣམས་ནི་ལྕགས་མོ་འཚོ་དང་། ལྷ་ཆབ་སྦྱིན་པ། གཟུང་ཕྱུག་སྐྱིད། སུ་ཊ་སྤུ། ཇོ་ལེས་དང་མཁས་གྲུབ་བཅས་ཡིན།
བོད་ཀྱི་དམངས་ཁྲོད་སྒྲུང་གཏམ།
ན་ནིང་ནས་ད་བར་ང་ཚོས་དམངས་ཁྲོད་ཀྱི་བྱིས་སྒྲུང་བསྡུ་སྒྲིག་བྱས་པ་རྣམས་གཤམ་གསལ།སྤྲུལ་རྫུན་གྱི་མན་ངག ཚོང་བ་དང་དྲེལ། རུས་སྦལ་དང་སྤྲེའུ། རི་བོང་དང་རུས་སྦལ། སྤྱང་ཀི་དང་ཝ་མོ། རི་བོང་གསུམ་ཇག་ལ་སོང་བ། ཨ་བུ་སྟག་སྟག་དང་ཝ་མོ། ཚོང་བ་དང་གཡོག་པོ། བསམ་ཉེས་དང་བྱས་ཉེས། སེང་གེ་དང་རི་བོང་། ཝ་མོ་དང་ཁྭ་ཏ། མཐུན་པ་སྤུན་བཞི་སོགས་སྒྲུང་གཏམ་བཅུ་གཉིས་དྲྭ་ཐོག་ཏུ་བཞག་ཡོད།
བསྒྱུར་སྒྲུང་།
གླང་ཆེན་དང་ཁྱི། བྱི་ལས་བྱི་བ་གསོད་པའི་རྒྱུ་མཚན་ཅི། ལྐུག་རྟགས་ཚ་བའི་སྤྱང་ཀི། བདེ་སྐྱིད་མེད་པའི་དཔོན་པོ། སློང་མོ་བ་དང་ཕྱུག་བདག སྤྱང་ཀི་དང་བྱི་བ། ཕག་ཕྲུག་སྤུན་གསུམ། གསེར་ཌཾ་བརྒྱ་ཡོད་པའི་དངུལ་ཁུག དགེ་རྒན་དང་སློབ་མ་ཆུང་ཆུང་། ར་མ་སྤུན་གསུམ་དང་བདུད་ཕྲུག འདོད་རྔམ་གྱི་འབྲས་བུ། ཀུན་སློང་། ལྷམ་བཟོ་བ། ཕ་བུ་གཉིས་དང་བོང་བུ་སོགས་བཟང་སྤྱོད་ཀྱི་དགེ་ཕན་གཙོ་བོར་བཟུང་བའི་ཕྱི་རྒྱལ་གྱི་བྱིས་སྒྲུང་གྲགས་ཅན་བཅུ་བཞི་ནང་འདྲེན་བྱས་ཏེ།བོད་ཀྱི་བྱིས་པའི་རིག་གནས་ལ་ཁ་གནོན་ཅུང་ཟད་བྱེད་ཐུབ་ཡོད་སྙམ། བསྒྱུར་སྒྲུང་འདི་དག་ངོ་སྤྲོད་བྱེད་མཁན་མི་སྣ་གཙོ་བོ་རྣམས་ནི། ཇོ་ལེ། སུ་ཊ་སྤུ། ཨ་བྷེ། རིས་ནའ། བྷར་བྷུ་སོགས་ཡིན།
གསར་རྩོམ།
སྟོད་ཀྱི་ཉི་མ་ལྷ་ས། མ་བཟང་གི་བུ། ཕྱུག་རྫི་ཆུང་ཆུང་། དགེ་རྒན་གྱིས་དོ་སྣང་བྱེད་དགོས་པའི་གནད་དོན་གླེང་བ་སོགས་ཡོད།
སྒྲ་ལྡན་བྱིས་སྒྲུང་།
མདོ་དབུས་ཁམས་ཀྱི་སྐད་གདངས་ཐོག་ཀློག་པའི་བྱིས་སྒྲུང་སྟེ། ཚོང་པ་དང་གཡོག་པོ། སེང་གེ་དང་རི་བོང་། བུ་མོ་སྒྲོལ་མ། ཕག་ཕྲུག་སྤུན་གསུམ། བསམ་ཉེས་དང་བྱས་ཉེས། ཕྱུག་རྫི་ཆུང་ཆུང་། མ་བཟང་གི་བུ་བཅས་བོད་ཡིག་ཀློག་མི་ཤེས་པའི་བྱིས་པ་ཚོར་དམིགས་ཏེ་དྲ་ཐོག་ཏུ་བཞག་ཡོད།
བྱ་འགུལ།
སྤྱི་ལོ་༢༠༡༣ ལོའི༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན། ༼བོད་སྐད་ཤོད། ༽༼བོད་ཡིག་ཕྲིས་༽ཞེས་པའི་བྱ་འགུལ་ཞིག་ཁེ་ན་ཌའི་ཊོ་རན་ཊོན་ས་གནས་བོད་མིའི་སྤྱི་ཚོགས་ཁྲོད་དུ་སྤེལ་ཡོད། དེ་དང་འབྲེལ་བའི་བྱ་དགའ་ཡོད་པའི་བྱིས་སྒྲུང་རྩོམ་སྒྲིག་འགྲན་བསྡུར་བྱ་འགུལ་ཞིག་ཀྱང་དྲ་ལམ་དུ་སྤེལ་ཡོད། ཨ་རིའི་གསེར་གྱི་རྟགས་མའི་གཟེངས་རྟགས་ཉིན་མོར་ས་གནས་ཊོ་རན་ཊོ་རུ་མང་ཚོགས་ལ་༼ང་ཚོ་བོད་པ་ཡིན་༽ཞེས་པའི་སྐད་ཡིག་བྱ་འགུལ་ཞིག་སྤེལ་ཡོད། སྤྱི་ལོ་༢༠༡༣ ལོའི་སྤྱི་ཟླ་༡༡་པའི་ཚེས་༢་ཉིན་རྨི་ལམ་དང་མདུན་ལམ་འཚོལ་བ་ཞེས་པའི་བྱིས་པའི་ཀློག་དེབ་གསར་བའི་དབུ་འབྱེད་མཛད་སྒོ་ས་གནས་བཀའ་རྒྱུད་དགོན་པའི་འདུ་ཁང་དུ་སྤེལ་ཡོད། སྤྱི་ལོ་༢༠༡༣ ལོའི་སྤྱི་ཟླ ༡༢ བའི་ཚེས་༡་ནས་ཚེ ༣༠ བར། གཡག་རྒོད་བོད་ཀྱི་བྱིས་སྒྲུང་རི་མོའི་འགྲེམ་སྟོན་གྱི་བྱ་འགུལ་ཞིག་ས་གནས་སུ་འགྲོ་འཞིན་པའི་སྒང་ཡིན། སྤྱི་༢༠༡༣ ལོའི་སྤྱི་ཟླ ༡༢ བའི་ཚེས ༤ ཉིན་བོད་མི་འདུས་སྡོད་བྱེད་སའི་གཞུང་འབྲེལ་སློབ་གྲྭར་སྐད་ཡིག་རྒྱུད་འཛིན་སྐོར་གྱི་ཐོབ་ཐང་དང་ལས་འགན་ཞེས་པའི་བྱ་འགུལ་བཅས་སྤེལ་ཡོད།
ཀློག་དེབ་གསར་བ།
རྨི་ལམ་དང་མདུན་ལམ་འཚོལ་བ་ཞེས་པའི་རི་མོ་ཅན་གྱི་དབྱིན་བོད་ཤན་སྦྱར་གྱི་བྱིས་པའི་ཀློག་དེབ་ཅིག་དཔར་བསྐྲུན་གྱིས། བོད་ཕྱི་ནང་གཉིས་སུ་དེབ་གྲངས་༢༠༠༠ རིན་མེད་དུ་བཀྲམ་པ་དང་། དེབ་གྲངས ༡༠༠༠ མ་འོངས་ལས་འཆར་གྱི་མ་དངུལ་གྱི་ཆེད་དུ་བཙོང་བཞིནི ཡོད། ཀློག་དེབ་དཔར་བསྐྲུན་ལ་མ་དངུལ་ཆ་ཚང་ཨ་རིའི་ནེའུ་ཡོག་གི་རྭ་ཝོལ་བོད་ཀྱི་ཐེབས་རྩ་ཁང་ནས་སྦྱིན་གཏོང་གནང་བར། ཐེབས་རྩ་ཁང་འདི་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།
ཀློག་དེབ་དེ་དང་འབྲེལ་བའི་ཞལ་འདེབས་དང་རོགས་རམ།
ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཚེ་རིང་མཚོ་མོས་སྒོར ༡༠༠། ཁྲོ་ཆུའི་དོན་གྲུབ་གྱིས་སྒོར ༡༥༠། སྒྲ་བྷུ་རས་སྒོར་༡༠༠ བཅས་ཁྱོན་སྒོར ༣༥༠ ཡོད།
དཔེ་དབུ་འབྱེད་མཛད་སྒོར་མི་གྲངས ༡༢༠ ལྷག་མཉམ་ཞུགས་ཀྱིས་རོགས་རམ་གནང་མཁན་གཙོ་བོ་དག་ནི། སོས་སན། ཁེམ། རྨེ་བ་བསྟན་འཛིན། ལྷ་སའི་བུ་མོ་ཚེ་རིང་། གཞན་ཕྱི་རྒྱལ་གྲོགས་པོ་ཚོའི་རོགས་རམ་འོག་དེབ་གྲངས་ཕལ་ཆེར་༢༠༠་ལྷག་བཙོང་ཐུབ་ཡོད། གཙོ་བོ་ས་གནས་བཀའ་རྒྱུད་དགོན་པའི་བླ་མ་བསྟན་འཛིན་མཆོག་གིས་དཔེ་དེབ་འབྱེད་མཛད་སྒོར་གླ་ཆ་སྐར་གང་ཡང་མ་བླངས་བ་མ་ཟད་།ད་དུང་ དཔེ་དེབ་གྲངས ༥༠་ལྷག་ཉོས་ཏེ་མ་འོངས་དཔེ་དེབ་ལས་འཆར་ལ་རོགས་རམ་གནང་ཡོད།
གཡག་རྒོད་ཀྱི་ལས་དོན་ལ་རམ་འདེགས།
ཁ་བརྡ་དྲྭ་བ་དང་སྐར་ཁུང་དྲྭ་བ་སོགས་ཀྱིས་གཡག་རྒོད་བྱིས་པའི་ལས་གཞི་མང་ཚོགས་ནང་ཁྱབ་སྤེལ་གྱི་མཐུན་འགྱུར་གནང་ཡོད།
གཞན་བོད་སྐད་ནང་ཡོད་པའི་བྱིས་པའི་བརྙན་འཕྲིན་དང་གླུ་གཞས་བརྙན་འཕྲིན་སོགས་ལག་ལ་ཡོང་ཚོད་ཅིག་དྲྭ་ལམ་དུ་བཞག་སྟེ་བོད་རིགས་བྱིས་པར་བོད་སྐད་བཤད་པ་དང་བོད་ཡིག་འབྲི་བའི་མཐུན་རྐྱེན་ཅི་ཐུབ་བསྒྲུབ་པའི་དགེ་ཚོགས་འདི་བརྟེན་ཏེ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་འགྲུབ་པའི་སྨོན་ལམ།
སྤྱི་༢༠༡༢ ལོའི་སྤྱི་ཟླ ༩ ་ནས ་སྤྱི་༢༠༡༣ ལོའི་སྤྱི་ཟླ་༡༢་བར་གཡག་རྒོད་བོད་ཀྱི་བྱིས་པའི་སློབ་གསོའི་ལས་གཞི་དང་འབྲེལ་བའི་མཉམ་འབྲེལ་བྱ་འགུལ་དག་ལ་མཐུན་གྲོགས་གནང་མཁན་དང་། དང་བླངས་པ་དག་ནི། ཁྲོ་ཆུའི་དོན་གྲུབ་བཟའ་མི་གཉིས། ཨ་མཆོག་མགོན་པོ་དོན་གྲུབ། ཐང་སྐོར་དགེ་ལེགས་བཟའ་མི་གཉིས། དཔའ་ལུང་བསྟན་པ། དཔའ་ལུང་ཤ་བོ། དཔའ་ལུང་འཇམ་དབྱངས། མཚོ་སྔོན་འཇམ་དབྱངས་བཟའ་མི་གཉིས། རེབ་གོང་ལྷ་མོ། རྡོ་སྤས་ཆོས་དཔལ། ཚུལ་ཁྲིམས། བསེ་རུ། ཐེ་བོ་འཇམ་དབྱངས། རྭ་རྒྱའི་དར་རྒྱས། རྔ་བ་བདེ་ཆེན། ལྷ་སའི་བུ་མོ་ཚེ་རིང་། རྔ་རྒོད་ཡོན་ཏན། འབྲུག་ཆུའི་འཇམ་དབྱངས། དཔལ་མེ། བཀྲ་དབང་དང་སྐྱེས་བསྟན་སོགས་ཡིན་པས། ཁོང་རྣམ་པ་ཚོར་བཀའ་དྲིན་ཆེ།
དཀའ་མོའི་ལས་མ་བྱས་ན། ཞིམ་པོའི་ཟས་མི་རེག་ཅེས་པའི་གཏམ་དཔེ་ལྟར། ང་ཚོས་རང་ཉིད་ཀྱི་འཇོན་ནུས་ལ་བརྟེན་ནས་མི་རིགས་གཞན་རྟེན་གྱི་འདུ་ཤེས་འདོར་ཐབས་དང་། མཉམ་འབྲེལ་གྱི་སྟོབས་ཤུགས་ལ་བརྟེན་ཏེ་མི་རིགས་དང་སྐད་ཡིག་ལ་ཞབས་ཞུ་སྒྲུབ་ཀྱིན་པའི་ཁུལ་ཡིན། ཡིན་ནའང་ང་ཚོ་གནས་ཡུལ་གྱི་སྤྱི་ཚོགས་ནང་བྲེལ་ཟིང་ཆེ་བ་དང། འཚོ་བ་དང་འབྲེལ་བའི་ལས་བྲེལ་ཆེ་བ་། ནང་མི་བུ་ཕྲུག་ལ་ལྟ་སྐྱོང་བྱེད་དགོས་པ་སོགས་བྱ་བ་སྣ་མང་གི་རྐྱེན་གྱིས་གཡག་རྒོད་ཀྱི་དམིགས་འཛིན་དང་འབྲེལ་བའི་མིང་དོན་ལྡན་པའི་ཞབས་ཞུ་ཡིད་ཚིམས་པ་ཞིག་སྒྲུབ་ཐུབ་མེད་ཀྱང་། བྱིས་པའི་སེམས་ཁམས་སུ་བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་། ཡུལ་ལྗོངས་སོགས་ཀྱི་བག་ཆགས་ཅུང་ཟད་རེ་བསྐྲུན་ཡོད་སྲིད། གཡག་རྒོད་དྲྭ་ཐོག་ཏུ་ཡོད་པའི་བྱིས་སྒྲུང་དག་ལ་བོད་ལུགས་ལྟར། སྔ་ལོ་ནས་ད་བར་ཁྱོན་རི་མོ་གྲངས་༩༣ བྲིས་ཡོད། ན་ནིང་དང་བསྡུར་ན། གཡག་རྒོད་དྲྭ་གནས་ཀློག་མཁན་གྱི་གྲངས་ཀ་ལྡབ་འགྱུར་གྱིས་ཡར་འཕར་ཡོད་པས། ཚང་མར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། །
སྤྱི་ལོ་༢༠༡༣ ལོའི་སྤྱི་ཟླ ་༡༢་པའི་ཚེས་༡༤་ ཉིན།
གཡག་རྒོད་དང་བླངས་རྩོམ་སྒྲིག་ཚོགས་ཆུང་ནས།