དོ་མཉམ་པ།

03/07/2011 07:40

 ༄༅།། གནའ་སྔ་མོ་ཞིག་ལ། ཞིང་བའི་བུད་མེད་ཅིག་ལ་བུ་ཞིག་སྐྱེས་ནས་ཅུང་མ་འགོར་བར་ཁྱོ་བོར་ནད་བྱུང་ནས་ཤི་སོང་། ཁོ་མོས་སྡུག་བསྔལ་མང་བོ་མྱངས་ནས་བུ་བསྐྱངས་ཏེ་བུ་ལོ་ཉི་ཤུ་ལོན་དུས་ཁོ་མོས་ཡང་བུ་ལ་མནའ་མ་བླངས། བུ་དང་མནའ་མ་གཉིས་ཀྱིས་ཨ་མའི་དྲིན་ལན་མཇལ་ཕྱིར་ཟས་བཟང་བོ་དང་གོས་ཡག་པོ་ཡོད་ཚད་ཨ་མར་བྱིན།

       ཡང་ལོ་ཉི་ཤུ་འདས་པའི་ཉིན་ཞིག་ལ། བུས་ཨ་མ་ལ། ཁྱེད་ཀྱིས་ང་ལོ་ཉི་བར་གསོ་སྐྱོང་བྱས་ཡོད། ངས་ཀྱང་ཁྱོད་ཉིད་ལོ་ཉི་ཤིའི་རིང་ལ་རྒན་གསོ་བྱས། ངེད་གཉིས་པར་གྱི་བུ་ལོན་ཕན་ཚུན་མཇལ་ཚར་བས། དོ་མཉམ་སོང་། ད་ནས་བཟུང་ངས་ཁྱོད་ལ་གཡོག་བྱེད་དགོས་དོན་མེད། ཁྱོད་ངེད་ཚང་ནས་ཕྱིར་བུད་དེ་འཚོ་བ་བསྐྱལ་དུ་སོང་ཞེས་ཟེར། བུ་སྙིང་རྗེ་མེད་པ་དེས་ཁ་བཤད་ལག་ལེན་དུ་བསྟར་ཏེ་ཨ་མ་ཁྱིམ་ནས་སྒོའི་ཕྱི་རུ་ཕུད།ལོ་ན་མཐོ་བའི་མ་རྒན་མ་དེ་འགྲོ་སའི་གནས་མེད་པས། མི་ཞིག་མངགས་ཏེ་གཏུགས་བཤེར་ཡི་གེ་ཞིག་བྲིས་ནས་རྫོང་དཔོན་ལ་གཏུག རྫོང་དཔོན་གྱིས་མྱུར་དུ་བུ་དང་མནའ་མ་གཉིས་བོས་ཤིང་། རྫོང་དཔོན་གྱི་ཨ་མ་རྒན་མོ་ལ། ཁྱོད་ཀྱི་བུ་སྐྱེས་མ་ཐག་ཏུ་ལྗིད་ཚད་ཅི་ཙམ་ཡོད་ཅེས་དྲིས།

       ལྗིད་ཚད་ནི་རྒྱ་མ་ལྔ་དང་སྲང་བརྒྱད་ཡིན། དེ་མི་ཁྱིམ་མཚེས་རྒན་མོས་སྐྱེས་མ་ཐག་རྒྱ་མར་ཚད་པའི་གྲངས་ཡིན་ཞེས་ཨ་མས་ལན་བཏབ། རྫོང་དཔོན་གྱིས་ཡང་ཁྱིམ་མཚེས་རྒན་མོ་དེ་རུ་བོས། ཁྱིམ་མཚེས་རྒན་མོས་ཀྱང་རྒྱ་མ་ལྔ་དང་སྲང་བརྒྱད་ཡིན་ཞེས་པའི་དཔང་ཚིག་བཤད། དེ་ནས་རྫོང་དཔོན་གྱིས་ཉེས་ཆད་བསྒྲགས།

        ཁྱོད་དང་ཨ་མ་གཉིས་སྐྱོང་རེས་ཀྱི་ལོ་དང་ཟླ་བའི་རྩིས་བརྒྱབ་ཚར་ཡང་། ཁྱོད་ཀྱིས་ད་དུང་ཨ་མའི་ཤ་རྒྱ་མ་ལྔ་དང་སྲང་བརྒྱད་དེ་མཇལ་མེད་པས། དོ་མཉམ་དགོས་ན་ཁྱོད་ཀྱི་ལུས་ནས་ཤ་རྒྱ་མ་ལྔ་དང་སྲང་བརྒྱད་བཅད་དགོས་ཤེས་རྫོང་དཔོན་གྱིས་ལག་གཡོག་གཅིག་ལ་བཀའ་ཕབ་སྟེ་མགྱོགས་པར་གྲི་ཁྱེར་ཤོག་ཅེས་ཟེར།

       བུ་སྐྲང་ཐག་ཆོད་ནས་འཕྲལ་དུ་རྫོང་དཔོན་ལ་ཕྱག་འཚལ་ཏེ་ཞུ་རྒྱུར། ངའི་ལུས་ནས་ཤ་གཏུབ་མི་ཉན། གུ་ཡངས་གནང་རོགས། ངས་ཚེ་གང་བོར་ཨ་མར་གཉོར་སྐྱོང་བཟང་བོ་བྱེད་རྒྱུའི་དམ་བཅའ་འཇོག་རྒྱུ་ཡིན་རྫོང་དཔོན་ལགས་ཞེས་ངུས་སོ།

Back