བུའི་འཕྲིན་ཡིག

03/07/2011 06:52

 ༄༅།།  སྔར་ས་ཆ་ཞིག་ན་འཚོ་བ་ཧ་ཅང་སྡུག་པའི་མ་བུ་གཉིས་ཡོད།བུས་འཚོ་བ་སྒྱུར་བཅོས་བྱེད་ཆེད་ཡུལ་ཕྱོགས་ངེས་མེད་དུ་འགྲིམ་ནས་གླ་བྱེད་པ་དང་མཉམ་དུ་སློབ་སྦྱོང་ལའང་འབད་པ་ལྷོད་མེད་བྱས་པས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད།

 ཉིན་ཞིག་ལ།  བུའི་འཕྲིན་ཡིག་ཅིག་མའི་ལག་ཏུ་འབྱོར་མོད།  འོན་གྱང་མ་རྒན་གྱིས་ཡི་གེ་མི་ཤེས་སྟབས་ཡི་གེ་ཀློག་པའི་མི་ཞིག་བཙལ་བར་ཕྱིན།ཁོ་མོ་ཟམ་ཁ་ཞིག་ཏུ་སླེབས་པ་ན་ཕོ་གསར་ཞིག་ཚུར་འོངས་པ་དང་འཕྲད། མོས་རང་གི་བུའི་གནས་ཚུལ་གོ་ཆེད་ཕོ་གསར་དེ་ལ་འཕྲིན་ཡིག་འདོན་པའི་རེ་བ་ཞུས།ཕོ་གསར་དེས་བུའི་ཡི་གེ་ལག་ཏུ་བླངས་ཏེ་ཁ་ནས།  ཨ་མ་ཞེས་ཡིག་འབྲི་རེ་གཉིས་ལས་སྐད་ཆ་གཞན་ཅི་ཡང་མ་ཐོན།

         ཅུང་ཙམ་འགོར་རྗེས་ཕོ་གསར་དེའི་མིག་ནས་མཆི་མ་ཕྲེང་ཐག་ཆད་པ་ལྟར་ས་ལ་ལྷུང་།  མ་རྒན་གྱིས་སྣང་ཚུལ་དེ་མཐོང་རྗེས་བྲེལ་འཚུབ་ལངས་ཏེ། དོན་དག་ཅི་ཞིག་བྱུང་འདུག་ཅེས་ཡང་ཡང་དྲིས་ཀྱང་ཕོ་གསར་དེའི་མིག་ལས་སྔར་བཞིན་མཆི་མ་ལྷུང་སྟེ་ངུས། ངུ་སྐད་དེ་མི་རིང་བའི་ས་ན་སོ་ནམ་བྱེད་བཞིན་པའི་ཞིང་བ་འགས་ཐོས་ཏེ་སེམས་ལ་མི་ཞིག་ཆུར་ལྷུང་བ་ཁོ་ཐག་རེད་སྙམ་ནས་བྲེལ་འཚབ་ཀྱིས། སྲོག་སྐྱོབ་དང་། མི་ཆུ་ལ་ལྷུང་སོང་། ཞེས་སྐད་ཆེན་པོ་བརྒྱབ། སྐབས་དེར་མི་མང་བོ་ཞིག་ལྷན་དུ་འཛོམས་ཏེ་གནས་ཚུལ་དྲིས་པ་ན། མ་རྒན་གྱིས་ངའི་བུས་འཕྲིན་ཡིག་ཅིག་བསྐུར་བ་དེ་ཕོ་གསར་འདི་ལ་ཀློག་ཏུ་བཅུག་པ་ན་ཁོས་སྐད་ཆ་ཅི་ཡང་མི་བཤད་པར་ངུས་བྱུང་བས་ངའི་བུ་ལ་དོན་དག་ཞིག་བྱུང་བ་ཐག་ཆོད་རེད་སྙམ་ནས་ངུས་ཡིན་ཟེར།

ཕོ་གསར་དེས། ང་བྱིས་པ་ཡིན་དུས་སློབ་སྦྱོང་ཡག་པོ་མ་བྱས་པས་ངོས་འཛིན་ཐུབ་པའི་ཡིག་འབྲུ་ཁ་ཤས་ལས་མི་འདུག    དེ་བས་རང་དབང་མེད་པར་འགྱོད་པ་དྲག་པོ་ཞིག་སྐྱེས་བྱུང་ཟེར།

 
Back