ཕོ་རོག་དང་འུག་པ།

12/01/2015 10:06
ཕོ་རོག་དང་འུག་པ།
 
དེ་སྔོན་འུག་པའི་རྒྱལ་པོ་འདབ་བཟང་དང་ཕོ་རོག་གི་རྒྱལ་པོ་ཡུལ་འཁོར་སྲུང་ཞེས་པ་ཞིག་ཡོད་པ་དེ་གཉིས་བར་
ལམ་ཞིག་ནས་ཕན་ཚུན་མི་མཐུན་པར་གྱུར། དེ་གཉིས་ལ་བློན་པོ་ཆེན་པོ་རེ་རེ་ཡོད། འུག་པའི་བློན་པོའི་མིང་ལ་གསེར་མིག་དང་། ཕོ་རོག་གི་བློན་པོའི་མིང་ལ་སྤྲིན་གྱི་ཤུགས་ཅན་ཟེར།

ཉིན་ཞིག་ཕོ་རོག་གི་བློན་པོས་ཕོ་རོག་ཚང་མ་བསྡུས་ཏེ། ང་ཚོས་དགྲ་བོར་འཐབ་ནི་མི་ཐུབ། འདུམ་འགྲིག་བྱས་ཀྱང་ཕན་ཚུན་མི་མཐུན་པས།ཁྱེད་རྣམས་ཀྱིས་ངའི་གཤོག་སྒྲོ་ཐོགས། ཡན་ལག་ཆོད། དེ་ནས་ཁྱེད་ཚོ་ས་གཞན་ཞིག་ཏུ་སོང་ཞིག་ཅེས་བཤད་པར།ཕོ་རོགས་རྣམས་ཀྱིས་དེ་ལྟར་བྱས་ཏེ་ཤིང་སྡོང་སྟེང་དུ་ཡོད་པའི་རང་རང་གི་ཚང་དུ་འཕུར་སོང་། 

དེ་ནས་བྲག་ལ་གནས་པའི་འུག་པ་རྣམས་འཚོགས་ཏེ།དམག་འདྲེན་སྐབས་ཕོ་རོག་གི་བློན་པོ་དེས་སྙིང་རྗེ་བའི་སྐད་བརྒྱབ་ནས་བསྡད་ཡོད་པ་ལས། ཕ་རོག་གཞན་པ་གཅིག་ཀྱང་མཐོང་རྒྱུ་མེད་པས། ཡ་མཚན་པའི་ངང་ཁྱོད་ལ་བྱུས་ཉེས་ཅི་བྱུང་སོང་ཞེས་དྲིས། ཕོ་རོག་གི་བློན་པོ་ན་རེ། ང་འདུམ་འགྲིག་གཏོང་རྒྱུར་དགའ་བ་དང་། ཕོ་རོག་འདུམ་འགྲིག་ལ་མི་དགའ་བ་རྣམས་དང་རྩོད་པ་ཤོར་བས། ང་དགྲ་ཕྱོགས་སུ་དབྱུགས་བྱུང་ཞེས་བཤད། 

འུག་པའི་རྒྱལ་པོས་གཏམ་དེ་དག་ཐོས་པ་དང་། བདེན་པ་རེད་བསམ་སྟེ། ཕོ་རོག་གི་བློན་པོ་འདི་ང་ཚོའི་སྡོད་གནས་སུ་འཁྲིད་དགོས་ཞེས་བཤད་པར། འུག་པའི་བློན་པོ་ན་རེ། ཕོ་རོག་གི་བློན་པོ་ནི་ཤེས་རབ་ཅན་ཡིན་པས། ཁོ་ས་འདིར་བཞག་ནས་ཟས་གྲ་སྒྲིག་བྱས་ན་དགའ། ཞེས་བཤད་ཀྱང་འུག་པའི་རྒྱལ་པོས་ཁར་མ་ཉན་པར། རང་གི་སྡོད་གནས་སུ་ཁྲིད་སོང་བ་དང་། བློན་པོ་གསེར་མིག་ལོགས་སུ་བཞག 

ཕོ་རོག་གི་བློན་པོ་དེ་འུག་པའི་རྒྱལ་པོའི་དྲུང་དུ་ཡོད་སྐབས། ཁོས་འུག་པོའི་རྒྱལ་པོ་ལ། རྒྱལ་པོ་ལགས། ཁྱེད་ཀྱི་ཚང་འདི་སྐྱིད་པོ་ཞིག་བཟོས་ནས་བསྡད་ན་ག་འདྲ་འདུག་ཅེས་དྲིས་པར། འུག་པའི་རྒྱལ་པོས། དེ་ལྟར་བྱས་ན་ཧ་ཅང་ཡག་པོ་རེད་ཅེས་བཤད། 

ཕོ་རོག་གི་བློན་པོས་ཤིང་སྐམ་པོའི་ཁྲི་བརྩིགས་པའི་ནང་དུ་ལྕི་བས་བཀང་ན་དྲོ་ཞིང་བདེ་བ་ཞིག་ཡོད་ཅེས་བཤད་པར། འུག་པའི་རྒྱལ་པོས་དེ་བཞིན་བྱས་སོ། དེ་ནས་འུག་པའི་ཚོགས་ཐམས་ཅད་དགའ་སྟེ། ཕོ་རོག་ཟས་འཚོལ་བར་བཏང་། 

མཚན་མོ་དེར་འུག་པ་རྣམས་ཀྱིས་རང་གི་ཚང་བསྲུང་ནས་ཡོད་པའི་སྐབས་སུ། བློན་པོ་སྤྲིན་གྱི་ཤུགས་ཅན་ཕོ་རོག་རྣམས་ཀྱི་སར་ཕྱིན་ཏེ་ན་རེ།སང་ཉིན་ཉིན་ཕྱེད་ཙམ་ལ་ཁྱེད་ཅག་གིས་ཤིང་དུམ་རེ་ཁྱེར་ནས་ཤོག་ཅེས་བཤད་རྗེས་སླར་ཡང་འུག་པ་ཡོད་སར་ལོག

དེ་ནས་ཕྱི་ཉིན་ཉིན་ཕྱེད་ཙམ་ལ། ཕོ་རོག་རྣམས་ཀྱིས་ཤིང་དུམ་རེ་ཁྱེར་ནས་འུག་པའི་ཚང་ཡོད་ས་དེར་འགྲོ་སྐབས།འུག་པ་རྣམས་ཚང་ནང་དུ་གཉིད་ལ་ཡུར་ནས་ཡོད་པས།ཚང་ནང་དུ་མེ་བརྒྱབ་སྟེ་འུག་པ་ཚང་མ་མེར་བསྲེགས་སོ། 

དེང་སང་ཡོད་པའི་འུག་པ་རྣམས་ནི་འུག་པའི་བློན་པ་གསེར་མིག་ཅན་གྱི་རྒྱུད་པ་ཡིན་ཞེས་བཤད་སྲོལ་ཡོད།
། 
  • མཁས་གྲུབ་གྱིས་བསྡུས་པ་དང་ལྕགས་མོ་འཚོས་ལེགས་བཅོས་བྱས། 
  • གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག
Back