མ་མོ་མ་བུ་གསུམ་དང་སྦྱང་ཁུ།

20/07/2011 14:35

 ༄༅ །།གནའ་སྔ་མོ་ཞིག་ལ། མ་མོ་མ་བུ་གསུམ་ལྷ་སར་སོང་བའི་ལམ་བར་དུ། སྤྱང་ཁུ་ཞིག་ལ་ཐུག སྤྱང་ཁུ་་རབ་ཏུ་དགའ་སྟེ། ལུག་ཚེ་ཟད་སྤྱང་ཁུའི་ཁ་ན་ལྷུང་ཟེར་བ་མ་ཡིན་ནམ།   ཞེས་མ་མོ་མ་བུ་གསུམ་ཟ་གྲབས་བྱས་པ་ན། ཁོང་རྣམས་ན་རེ། ཨ་ཁུ་སྤྱང་ཁུ་ལགས། ལན་གཅིག་ངེད་མ་བུ་གསུམ་ཚེ་ཐར་ལ་གཏོང་རོགས། ང་ཚོས་ཨ་མེས་གྲོངས་སོང་བ་དང་། ལྷ་སར་ཇོ་བོ་རིན་པོ་ཆེའི་མདུན་དུ་སྨོན་ལམ་ཞིག་འདེབས་སུ་འགྲོ་མཁན་ཡིན་པས།ད་ལན་ང་ཚོ་ཚེ་ཐར་ལ་གཏོང་རོགས་ཞེས་ཞུ་བ་བྱས། སྤྱང་ཁུའི་སེམས་ལ། ཨ་མེས་འདས་པོའི་ཆེད་དུ་ལྷ་སར་འགྲོ་ལུགས་ལ་བལྟས་ན། ཁོང་ཚོ་མ་རབས་ཁྲེལ་མེད་པ་རེ་མིན་ཚོད་འདུག་བསམ་པ་དང་། ཁོང་ཚོ་ཕྱིར་ལྷ་ས་ནས་ལོག་དུས་ཟོས་ནའང་འཕྱི་དྲག་མི་འདུག་བསམ་ཏེ། ངས་ད་ལན་ཁྱེད་ཚོ་ཚེ་ཐར་ལ་གཏོང་ཆོག ཡིན་ན་ཡང་།ལམ་བར་དུ། ཁྱེད་རྣམས་ཀྱིས་རྩྭ་གང་བཟང་དང་ཆུ་གང་ཡག་འཐུང་སྟེ། ལུས་ལ་ཤ་ཤེད་རྒྱས་སུ་འཇུག་རྒྱུ་ནི་ངས་རེ་བ་ཡིན་ཞེས་མ་མོ་མ་བུ་གསུམ་ཡར་བཏང་ངོ་། 

 མ་མོ་མ་བུ་གསུམ་གྱིས་ལྷ་ས་རུ་མཇལ་སྐོར་འདོད་བློ་ཁེངས་པ་ཞིག་བྱས་ཏེ་ཕྱིར་ཡོང་བའི་ལམ་དུ། རི་བོང་ཞིག་ལ་ཐུག ཁོང་ཚོས་རི་བོང་ལ་ཁ་བརྡ་མང་བོ་བྱས་པ་དང་། ཨ་མེས་ཀྱི་ཆེད་དུ་ལྷ་སར་སོང་བ་དང་། ལམ་བར་དུ་སྤྱང་ཁུ་ཞིག་ལ་ཐུག་པ། ཐག་མི་རིང་བའི་སར་ཁོས་བསྒུགས་ནས་ཡོད་པའི་ལོ་རྒྱུས་སོགས་རི་བོང་ལ་བཤད།  རི་བོང་གིས་སེམས་ལ། ཐབས་ཤིག་མ་བྱས་ན་སྤྱང་ཁུ་དེས་མ་བུ་འདི་གསུམ་ཚེ་ཐར་ལ་མི་གཏོང་བ་ཁོ་ཐག་རེད་འདོད་དེ། ཡ་ཡ་དེ་ན་ཁྱེད་ཚོ་སྐྱོབ་ཐབས་ངས་བྱ་ཆོག་ཅེས། སྒྱེ་གཅིག་དང་ཐག་པ་གཅིག དབྱུག་པ་གཅིག་བཅས། མ་མོ་མ་བུ་གསུམ་གྱི་ལག་ཏུ་བཞག་ནས། ཁྱེད་མ་བུ་གསུམ་སེམས་བེད་མོ་གྱིས་ལ་ཕེབས་དང་། ང་ཁྱེད་ཀྱི་རྗེས་སུ་སླེབ་ཡོང་ཞེས་བཤད་དེ། ཁོང་ཚོ་སྔོན་ལ་མངགས་སོ།།

མ་མོ་མོ་གསུམ་སྔོན་སྤྱང་ཁུར་ཕྲད་པའི་ས་དེར་བསླེབས་དུས། སྤྱང་ཁུས་བསྒུགས་ནས་བསྡད་འདུག་པ་དང་།ཁོས་མ་མོ་མ་བུ་གསུམ་པོའི་ཤ་སྔར་ལས་རིད་པ་ཡིན་པ་མཐོང་དུས། ཁོང་ཁྲོ་རབ་ཏུ་ཟོས་ཏེ་ཁོང་ཚོའི་ལུས་སྟེང་དུ་མཆོང་གྲབས་ཡོད་པའི་སྐབས་དེར། རྒྱབ་ཕྱོགས་ཀྱི་རི་རྩེ་ནས། རི་བོང་གིས་ཀི་

བཏབ་སྟེ། ཝ་ཡེ། མ་མོ་མ་བུ་ཚོ། ཁྱེད་ཚོའི་མདུན་དུ་དངོས་པོ་སྐྱ་བོ་ཞིག་ཡོད་པ་དེ་སྤྱང་ཁུ་ཞིག་རེད་དམ། ང་རྒྱལ་བོའི་ཕོ་ཉ་གཞོན་ནུ་བློ་ལྡན་ཡིན། རྒྱལ་བོས་ང་སྤྱང་ཁུ་ཞིག་གསོད་དུ་མངགས་སོང་ཞེས་སྐད་གཟེངས་མཐོན་པོས་དྲིས།

 སྐབས་དེར་སྤྱང་ཁུ་རབ་ཏུ་སྐྲག་སྟེ། མ་མོའི་ལག་གི་སྒྱེ་ནང་དུ་རིབ་སེ་འཛུལ་སོང་། དེ་མ་ཐག་ལུ་གུ་གཉིས་ཀྱིས་ཐག་པ་རུམ་ནས་བླངས་ཏེ་སྒྱེ་ཁ་དམ་པོར་བཅངས། དེ་ནས་རི་བོང་བསླེབས་ཏེ། མ་མོ་མ་བུ་གསུམ་ལ། ད་ཁྱེད་ཚོ་སྡུག་ཅན་འདིའི་ཁ་ནས་ཐར་ཐུབ་སོང་བ་རེད། བློ་བདེ་མོ་བྱོས་ལ་ག་ལེ་

ཕེབས་ཞེས་ཁོང་ཚོ་ལམ་དུ་བཅུག་སོ།

 དེ་ནས་རི་བོང་གིས་ཤུགས་ཡོད་ཚད་ཀྱིས་སྤྱང་ཁུ་ཡོད་པའི་སྒྱེ་མོ་ལ། དབྱུག་པས་ལན་འགའ་གཞུས་ཏེ། བསམ་པ་གཞན་ལ་ངན་ན་སྦྱོར་ལ་རང་ལ་རྩུབ་ཟེར་བ་རེད་ཅེས་སྒྱེ་ཁ་ཕྱེས་ནས་རང་ཉིད་བྲོས་སོ།