རྒྱལ་པོའི་ན་བཟའ་གསར་བ།༽

14/04/2014 23:52
རྒྱལ་པོའི་ན་བཟའ་གསར་བ།
སྔ་མོ་ཞིག་ལ། གྱོན་ཆས་གསར་བ་བརྗེ་བ་ལ་དགའ་བའི་རྒྱལ་པོ་ཞིག་ཡོད། ཁོས་ཉིན་...རེར་ན་བཟའ་ཐེངས་ཤས་ལ་བརྗེས་ནས་མནབ་ཀྱི་ཡོད། ཕོ་བྲང་ནང་གི་འཚེམ་བཟོ་བ་ཚོས་དེ་འདྲའི་མདོག་དང་། དབྱིབས་བཀོད། གཤོམ་ཉམས་མི་འདྲ་བའི་ན་བཟའ་གསར་བ་མང་བོ་ཞིག་བཟོ་ཐབས་ཟད་དོ།།
རྒྱལ་བོས་ཕྱོགས་སོ་སོར་ན་བཟའ་རིགས་མི་འདྲ་བ་བཟོ་དགོས་པའི་བཀའ་ཡིག་བཀྲམས།
གླིང་གཞན་ཞིག་ནས་ཡོང་བའི་བཟོ་རྩལ་ཆེད་ལས་པ་ཞིག་ཡིན་ཟེར་མཁན་གྱི་མི་ཞིག་ཡོང་ནས་རྒྱལ་བོ་ལ། ངས་འཐག་པའི་གོས་དེ་ནི་བསོད་ནམས་དམན་པའི་མི་རྣམས་ཀྱིས་མཐོང་མི་ཐུབ་པ་ཞིག་ཡིན། འོན་ཀྱང་། ཤིན་ཏུ་མཛེས་སྡུག་ལྡན་པ་ཞིག་ཡིན། ཞེས་ཞུས། རྒྱལ་པོས་མི་དེ་ལ། ངས་ཁྱོད་ཀྱིས་བཟོ་བའི་གྱོན་ཆས་དེ་གོན་འདོད། དེ་གོན་ནས་སུ་ཞིག་བསོད་ནམས་དམན་པ་ཡིན་མིན་ལ་བརྟག་དཔྱད་ཀྱང་བྱ་དགོས། ཞེས་གསུངས།
འཚེམ་བཟོ་བས་ཉིན་མཚན་ཕལ་ཆེ་བར་གོས་འཐག་ཅིང་རྒྱལ་པོར་ན་བཟའ་བཟོ་བའི་ལས་ལ་བྲེལ། མི་དམངས་ཀྱིས་གནས་ཚུལ་དེ་ཐོས། ཀུན་ཀྱིས་ངོ་མཚར་ཅན་གྱི་ན་བཟའ་དེ་ཅིག་མཐོང་ན་ཅི་མ་རུང་སྙམ། རྒྱལ་པོས་ཀྱང་གོས་དེ་མཐོང་འདོད་མོད། ཡིན་ནའང་། བདག་གིས་ཀྱང་གོས་དེ་མ་མཐོང་ན་ཇི་ལྟར་བྱ་བསམས་ནས་རྒྱལ་པོར་སེམས་ཁྲལ་ཡང་ཡང་ལངས།
རྒྱལ་པོས་ཁོ་རང་ལ་བློ་ཤིན་ཏུ་དཀར་བའི་བློན་པོ་ཞིག་གོས་ལ་ལྟ་བར་བཏང་། བློན་པོ་དེ་འཐག་ཁྲིའི་གམ་དུ་སོང་ཡང་གོས་གཏན་ནས་མ་མཐོང་། འཚེམ་བཟོ་བ་དེས་བློན་པོ་དེ་ལ་གོས་ཀྱི་བཀྲག་མདངས་དང་། འཇའ་རིས། རྒྱུ་སྤུས་སོགས་མང་བོ་ཞིག་ངོ་སྤྲད། འོན་ཀྱང་། བློན་པོ་དེས་ཅི་ཡང་མ་མཐོང་། བློན་པོ་དེས་རང་ཉིད་བསོད་ནམས་དམན་པའི་མི་ལ་བརྩི་བ་དང་། བློན་ས་ཤོར་བར་དོགས་ནས། གོས་དེ་དངོས་གནས་ལྟ་བས་ཆོག་མི་ཤེས་པ་ཞིག་རེད་གདའ། ཞེས་རྒྱལ་པོ་ལ་ཞུས།
དེར་རྒྱལ་པོ་བློན་འཁོར་བཅས་པས་གོས་དེ་གཟིགས། བློན་འཁོར་རྣམས་ཀྱིས་ཅི་ཡང་མ་མཐོང་ནའང་སྔ་ཕྱི་བརྩད་ནས་རྒྱལ་པོ་ལ། གཟིགས་དང་། གོས་དེ་ཅི་འདྲའི་མཛེས་པ་ལ་ཨང་། ཞེས་ཞུས། རྒྱལ་པོས་ཀྱང་ཅི་ཡང་མ་མཐོང་ནའང་ཐུགས་ཚིམས་པའི་རྣམ་འགྱུར་གྱིས། རེད། མྱུར་ཏུ་བཟོས་དང་། ངས་ན་བཟའ་གསར་བ་དེ་རྒྱལ་སྟོན་བྱེད་སྒོའི་སྐབས་གྱོན་གྱི་ཡིན། ཞེས་གསུངས། འཚེམ་བཟོ་བ་དེས། ཁེ་གྲིས་གོས་འདྲ་གཅོད་ཀྱི་ཉམས་བསྟན། སྐུད་པ་མེད་པའི་ཁབ་ཀྱིས་ན་བཟའ་གསར་བ་དེ་ཚེམ་མགོ་བཙུགས།
རྒྱལ་སྟོན་དུས་ཆེན་གྱི་མཛད་སྒོའི་ཉིན། ཕོ་བྲང་ཡང་ཐོག་གི་སྤྲོ་གསེང་ཁྱམས་རྭའི་ལན་ཀན་འཁྲིས་ཀྱི་རྒྱལ་པོ་བློན་འཁོར་དང་། གཤམ་འོག་གི་ཐང་ཆེན་དང་། སྲང་མདོ་གང་སར་ཁེངས་པའི་མི་དམངས་བཅས་ཚང་མའི་མཐོང་ས་ནས་འཚེམ་བཟོ་བ་དེས་གོས་སྒམ་སྤུས་ལེགས་ཤིག་གི་ནང་ནས་ན་བཟའ་གསར་བ་དེ་བཏོན་ནས་སྤྲུག་སྤྲུག་ལན་འགའ་བྱེད་པའི་ཉམས་བསྟན་རྗེས། རྒྱལ་པོ་གཅེར་བུར་ཕུད་དེ་སྐོན་ཁུལ་བྱས། བཟོ་ཡོན་དུ་གསེར་མང་བོ་བླངས།
དེ་ནས་བློན་འཁོར་རྣམས་ཀྱིས་རྒྱལ་པོ་གཅེར་བུ་དེའི་མཐའ་བསྐོར་ནས་ཁྲོམ་གཞུང་དུ་སྐྱོད། ལྟད་མོ་བ་ཀུན་ཀྱིས་རྒྱལ་པོའི་ན་བཟའ་ལ་འུད་བསྟོད་བྱེད་པ་ལས་གཞན་ཅི་ཡང་སྨྲ་མ་ཕོད། སྐབས་དེར་བྱིས་པ་ཞིག་གིས། རྒྱལ་པོ་གཅེར་བུ་རེད། ཧ་ཧ་ཧ། ཞེས་སྐད་ཅོར་ཡང་ཡང་བརྒྱབ། དེའི་རྗེས་སུ། མང་བོ་ཞིག་གིས་རྒྱལ་སྟོན་ཉིན་དེར་རྒྱལ་པོ་གཅེར་བུ་ཡིན་མིན་གྱི་ཐད་ལ་རྩོད་གླེང་ཤོར་ཡང་ཐག་གསལ་བོ་ཞིག་མ་ཆོད་པ་མ་ཟད་མཐར་རིམ་གྱིས་རྒྱལ་པོ་གཅེར་བུ་མིན་པར་གླེང་བའི་ཕྱོགས་ལ་བདེན་ཁ་སྟེར་དགོས་བྱུང་ངོ་།།
 
ཀ་ཡིག་གི་རྣམ་ཤེས་སྲི་ཞུ་ཁང་གི་བསོད་ནམ་མགོན་པོས་བསྡུ་སྒྲིག་བྱས།
Back