རྨ་བྱ་དང་ནེ་ཙོ། ཕུག་རོན།

10/05/2014 15:51
 
བྱ་བྱེའུ་ཐམས་ཅད་ཧ་ཅང་མཐུན་པོར་གནས་པའི་སྐབས་ཤིག་ན། ནགས་ཚལ་ཞིག་ཏུ་རྨ་བྱ་གཅིག་དང་། ནེ་ཙོ་གཅིག  ཕུག་རོན་གཅིག་མཉམ་དུ་གནས་ཡོད་པ་རེད།
ཉིན་ཞིག་རྨ་བྱས་ཤིང་སྡོང་ཞིག་གི་རྩ་ནས། སྒྲོ་གུར་ཕུབ་ནས་བསྡད་པ་ན། སྡོང་མགོ་རུ་མཆོང་ལྡིང་བྱེད་བཞིན་པའི་སྤྲེའུ་ཡིས་མཐོང་སྟེ། ཨ་རོགས་རྨ་བྱ། ཅི་ཞིག་བྱེད་ཀྱིན་ཡོད་དམ།ཞེས་དྲིས་པར། རྨ་བྱ་ན་རེ། ངའི་མཇུག་སྒྲོ་འདི་ཇི་འདྲའི་མཛེས་སྡུག་ལྡན་པ་ཞིག་རེད་ཨང་བསམ་ཏེ་བསྡད་ཡོད་ཅེས་ལན་བཏབས།
སྐབས་དེར་ཉེ་འདབས་ཀྱི་ཤིང་སྡོང་སྟེང་གི་ནེ་ཙོས་རྨ་བྱའི་གཏམ་དེ་ཐོས་ནས། ཨ་ཧོ་ཧོ་ཧོ། ཞེས་གད་མོ་དགོད་ཞོར་དུ། ཨ་རོགས་རྨ་བྱ། ཁྱོད་ཇི་འདྲའི་ང་རྒྱལ་ཆེ་བ་ལ། ང་ལ་ལྟོས་དང་། ངའི་ལུས་ལ་ཚོན་མདོག་དཀར་པོདང་སེར་པོ། དམར་པོ། སྔོན་པོ། ལྗང་ཁུ་ལ་སོགས་པའི་གཤོག་སྒྲོ་ཡོད། ཁྱོད་ཀྱི་མཇུག་སྒྲོ་ལ་ཧ་ལས་པ་ཅི་ཡང་མི་འདུག་ཅེས་བཤད།
དེ་ནས་ཉེ་འཁྲིས་སུ་ཡོད་པའི་ཕུག་རོན་དཀར་པོ་དེས། རྨ་བྱ་དང་ནེ་ཙོའི་སྐད་ཆ་རྣམས་ཐོས་བ་དང་། ཨོ་ཧོ་ཧོ་ཞེས་ཧབ་ཆ་རྒྱག་ཞོར་དུ། ཁྱེད་གཉིས་ཀྱིས་ག་རེ་རྩོད་ཀྱིན་ཡོད། ངའི་ལུས་ལ་གཟིགས་དང་། ངའི་ལུས་ཀྱི་གཤོག་སྒྲ་ཐམས་ཅད་དཀར་པོ་ཡིན། ནག་ནོག་གི་དྲི་མ་ཅུང་ཙམ་ཡང་མེད། རྨ་བྱ། ཁྱོད་ཀྱི་མཇུག་སྒྲོ་དང་། ནེ་ཙོའི་གཤོག་སྒྲོ་ལ་ཧང་སང་པ་ཅི་ཡང་མི་འདུག་ཅེས་བཤད།
དེ་ནས་རྨ་བྱ་དང་ནེ་ཙོ། ཕུག་རོན་གསུམ་གྱིས་སྐད་ཤུགས་ཆེན་པོའི་ཉིན་གང་བོར་རྩོད་པ་བྱས་བ་མ་ཟད། མཚན་གང་བོེ་རྩོད་པ་བྱས་ནས་ནགས་ཚལ་དེའི་ཁྲོད་ཀྱི་བྱ་དང་། རི་དགས།གཅན་གཟན་རྣམས་གཉིད་དུ་མ་བཅུག་པ་རེད།  
ཕྱི་ཉིན་ཞོགས་པར། སྟག་རྒོད་ཅིག་ཡོད་པ་དེའི་སེམས་ལ། ཁོང་ཚོས་ཅི་ཞིག་གི་ཆེད་དུ་རྩོད་པ་བྱེད་ཀྱིན་ཡོད་དམ་སྙམ་སྟེ། ཁོང་ཚོའི་གམ་ཏུ་ཕྱིན་ནས་ཅུང་ཙམ་ཉན་རྗེས།  ཡ་ཡ། ཡག་པོ་རེད། རྩོད་པ་ཡག་པོ་བྱེད་ཀྱིན་འདུག མུ་མཐུད་དུ་རྩོད་པ་བྱོས། ཁྱེད་རྣམས་ཀྱི་ནང་ནས་ཆེས་ཡག་ཤོས་ཀྱི་བྱ་དེ་སུ་ཡིན་པ་ཐག་ཆོད་པ་ན། ངས་བྱ་དེ་ཟ་རྒྱུ་ཁོ་ཐག་ཡིན། བྱ་མཛེས་ཤོས་ལ་ཤ་ཞིམ་ཤོས་ཡོད་པ་རེད་ཟེར་བ་མ་ཡིན་ནམ་ཞེས་བཤད།  
 
སྟག་རྒོད་ཀྱི་སྐད་ཆ་དེ། རྨ་བྱ་དང་ནེ་ཙོ། ཕུག་རོན་དཀར་པོ་གསུམ་གྱི་ཐོས་མ་ཐག རྩོད་པ་བྱེད་མཚམས་བཞག་པ་དང་། རྨ་བྱ་ན་རེ། ངས་མཇུག་སྒྲོའི་ནང་དུ་ཟད་པོ་མང་བོ་ཡོད་ཟེར། ནེ་ཙོ་ན་རེ། ངའི་རྐང་བ་གཉིས་ཧ་ཅང་མདོག་ཉེས་པོ་ཡིན་ཟེར། ཕུག་རོན་དཀར་པོ་ན་རེ། ང་ནི་མདངས་མེད་པའི་བྱ་ཐལ་སྐྱ་ཞིག་ཡིན་ཞེས་བཤད། སྟག་རྒོད་ན་རེ། དེ་ན་ཁྱེད་ཚོས་རྩོད་པ་བྱེད་དགོས་པ་མི་འདུག་ཅེས་བཤད་ཞོར་དུ་ཕྱིར་ནགས་ཚུལ་ཁྲོད་འཛུལ་སོང་བ་དང་།དུས་ དེ་ནས་བཟུང་རྨ་བྱ་དང་ནེ་ཙོ། ཕུག་རོན་དཀར་པོ་གསུམ་གྱིས་རྩོད་པ་གང་ཡང་མ་བྱས་པར་མཐུན་ཞིང་ཞི་བར་གནས་སོ།།

མཁས་གྲུབ་གྱིས་བསྒྱུར་བ་དང་ལྕགས་མོ་འཚོས་ལེགས་བཅོས་བྱས།
གཡག་རྒོད་དྲྭ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག
  

 

Back