སུ་ལ་སྨ་ར་རིང་པོ་ཡོད་ན། དེ་ནི་གླེན་པ་ཡིན།

07/09/2015 21:02

སྔོན་ཆད་ས་ཆ་ཞིག་ན། སྐྱེས་པ་སྨ་ར་རིང་པོ་ཅན་ཞིག་ཡོད།ཁོའི་སེམས་སུ་སྨ་ར་རིང་པོ་ནི་མི་ཤེས་རབ་ཅན་གྱི་མཚོན་རྟགས་སུ་འདོད་ནས།ནམ་རྒྱུན་རང་གི་སྨ་ར་ལ་གཙང་སྦྲ་དང་བདག་གཅེས་ཡག་པོ་བྱེད་ཀྱི་ཡོད་པ་མ་ཟད། མི་ཚོགས་ཀྱི་ཁྲོད་དུ། སྨ་ར་ལ་ལག་པས་བྱིལ་བྱིལ་བྱས་ཏེ་རྫིག་ཉམས་སྟོན་པ་དང་། སྨ་ར་ལག་པའི་ནང་དུ་བཟུང་སྟེ། གཞན་ལ་ངོམས་སོ་བྱེད་བཞིན་ཡོད།

ནུབ་མོ་ཞིག་ལ་མི་དེས་མར་མེའི་འོད་ཀྱི་ངོགས་ནས་དཔེ་དེབ་ཀློག་སྐབས། དེབ་ནང་དུ་ཡིད་ཆེས་དཀའ་བའི་ཚིག་ཕྲེང་གཅིག་མཐོང་། ཚིག་ཕྲེང་དེའི་ནང་དུ། "སུ་ལ་སྨ་ར་རིང་པོ་ཡོད་ན། དེ་ནི་གླེན་པ་ཡིན"ཞེས་བྲིས་ཡོད།

མི་དེས་རང་གིས་བཀླགས་མ་ཐག་པའི་ཚིག་ཕྲེང་དེར་ཡིད་མ་ཆེས་པར། ཡང་བསྐྱར་སྐད་གསང་མཐོན་པོས་ཐེངས་གཅིག་བཀླགས། དེ་ནས་ཡང་ཁོས་མིག་རྡེབ་རྡེབ་ཐེངས་འགའ་བྱས་པ་དང་། མིག་མཐའ་ལག་པས་ཕུར་ཕུར་བཏང་། མིག་ཁ་ཡར་གདེངས་ཏེ། "སུ་ལ་སྨ་ར་རིང་པོ་ཡོད་ན། དེ་ནི་གླེན་པ་ཡིན" ཞེས་པ་དེ་ཡང་བསྐྱར་ཐེངས་གཅིག་བཀླགས།

དེ་ནས་མི་དེའི་སེམས་མ་སྐྱིད་པར། སྨ་ར་རིང་པོ་དེ་ལག་པའི་ནང་དུ་བཟུང་སྟེ། མེ་ལོང་ནང་ལྟ་ཞོར་སེམས་ལ། ཨ་ཁ་ཁ། "སུ་ལ་སྨ་ར་རིང་པོ་ཡོད་ན། དེ་ནི་གླེན་པ་ཡིན" ཞེས་བྲིས་པ་འདི་ངོ་མ་བདེན་པ་ཡིན་ནམ་བསམ་པ་དང་། ཡང་སེམས་ལ། གལ་སྲིད། "སུ་ལ་སྨ་ར་རིང་པོ་ཡོད་ན། དེ་ནི་གླེན་པ་ཡིན" ཞེས་པ་འདི་བདེན་པ་ཡིན་ན། ང་གླེན་པར་གྱུར་འདུག་བསམ་ནས་སེམས་ཧ་ཅང་སྐྱོ།

ཁོའི་སེམས་ལ། སུ་ལ་སྨ་ར་རིང་པོ་ཡོད་ན། དེ་ནི་ནི་གླེན་པ་ཡིན་ཞེས་པ་དེར་བསམ་བློ་མ་བཏང་ན་བཟང་སྙམ་ནའང་། ཚིག་ཕྲེང་དེ་ཁོའི་ཀླད་པའི་ནང་དུ་ཡང་ནས་ཡང་དུ་འཁོར་ཏེ་སེམས་ཁྱོན་ནས་ལྷོད་ལ་མ་བབས།དེ་ནས་ཉིན་རེ་རེ་དང་ཞག་རེ་རེ་སོང་དུས། མི་དེའི་སེམས་སྡུག་ནས་ངན་སར་ལྷུང་སྟེ། ཉིན་མོ་ཟས་ཟ་མི་འདོད་པ་དང་། མཚན་མོར་གཉིད་མི་ཁུག་པའི་གནས་སུ་གྱུར།

དེ་ནས་མི་དེས་བསམ་བློ་མང་པོ་བཏང་མཐར། དེབ་ནང་དུ་བྲིས་པའི་"སུ་ལ་སྨ་ར་རིང་པོ་ཡོད་ན། དེ་ནི་གླེན་པ་ཡིན" ཞེས་པ་དེ་བདེན་པ་ཡིན་ན། སྨ་ར་རིང་པོ་བཞག་ནས་ཅི་བྱེད་བསམ་པ་དང། སྨ་ར་རིང་པོ་དེ་མེ་བསྲེག་གཏོང་རྒྱུའི་སེམས་ཐག་བཅད། དེ་ནས་མི་དེའི་ལག་པ་གཅིག་གིས་སྨ་ར་རིང་པོ་དེའི་སྣེ་ནས་འཇུས། ལག་པ་གཞན་ཞིག་གིས་མཆོད་མེ་བཟུང་སྟེ། སྨ་ར་རིང་པོ་དེ་མེར་བསྲེག་པའི་ཚེ། སྨ་ར་རིང་པོ་དེ་ཙག་སྒྲ་དང་བཅས་འབར།

མེ་ལྕེ་ཁ་ནས་མིག་སྤུ་ལ་མཆེད། ཁོས་ཨ་ཚ་ཞེས་སྐད་ཤོར་བ་དང་ལྷན་ཏུ་ས་ལྡིང་གནམ་ལྡིང་བྱས། དེ་ནས་མེ་ལྕེ་ཡར་མགོར་མཆེད་དེ་སྐྲ་ལོ་མེ་ལ་འབར། སྐབས་དེར། ཁྱིམ་མཚེས་རྣམས་ཐོན་ནས།མི་དེའི་མགོར་ཆུ་ཟོ་བ་གང་བླུགས་ཏེ་མེ་བསད།

ཁྱིམ་མཚེས་རྣམས་ཀྱིས་མི་དེར། ག་རེ་བྱས་ཉེས་ཐེབས་སོང་ཞེས་དྲིས་པ་ན། ཁོས་མགོ་བོ་གཡུག་ཞོར་དང་། དབུགས་རིང་གཏོང་ཞོར་དུ། ངའི་དེབ་དེའི་ནང་དུ། "སུ་ལ་སྨ་ར་རིང་པོ་ཡོད་ན། དེ་ནི་གླེན་པ་ཡིན" ཞེས་བྲིས་འདུག ངས་གླེན་རྟགས་བསྟན་ཏེ་ཚིག་དེར་བདེན་དཔང་བྱས་པ་རེད་ཅེས་དབུགས་རིང་ནར་ནར་ཤོར་རོ།།
 

མཁས་གྲུབ་གྱིས་བསྒྱུར་བ་དང་ལྕགས་མོ་འཚོས་ལེགས་བཅོས་བྱས། 

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

 

Topic: སུ་ལ་སྨ་ར་རིང་པོ་ཡོད་ན། དེ་ནི་གླེན་པ་ཡིན།

No comments found.

New comment