༄༅། །ནུབ་ཕྱོགས་རྒྱལ་ཁབ་ནང་བོད་ཀྱིི་སྐད་ཡིག་སྲུང་སྐྱོབ་དང་རྒྱུན་འཛིན་སྐོར་གྱི་ཐབས་ལམ་ཅུང་ཟད་གླེང་བ།

17/11/2011 10:06

 མཁས་གྲུབ།

༄༅། །མི་རིགས་སོ་སོར་འབྱེད་ཀྱི་རྟགས་མཚན་ལ་ཡུལ་སྲོལ་གོམས་གཤིས་སོགས་རིག་གནས་ཀྱི་གྲུབ་ཆ་སྣ་ཚོགས་མཆིས་ཤིང་དེ་ལས་གལ་ཆེ་ཤོས་སྐད་དང་ཡི་གེ་ཡིན་པ་འཛམ་གླིང་ཤར་ནུབ་གྱི་མཁས་པ་མང་པོའི་ཐུན་མོང་གི་ལྟ་གྲུབ་ཏུ་སྣང་བས། རྒྱ་དམར་སྲིད་གཞུང་གིས་ཀྱང་སྐད་ཡིག་ནི་བོད་རྩ་མེད་དུ་བཟོ་ཐུབ་པར་གནད་འགགས་ཡིན་པ་རྟོགས་ཏེ། དེ་འབྲེལ་གྱི་སྲིད་ཇུས་མང་བོ་གཏན་ལ་ཕབས་པ་ཤིང་། བོད་ནང་གི་སློབ་གྲྭ་ཁག་དང་དགོན་པ་ཁག་གི་ནང་དུ་ལས་རིགས་སྣ་མང་གི་སྒྲོམ་གཞི་ལག་ལེན་དུ་ལྟར་བཞིན་པ་རེད།   ལྷག་པར་དུ་ཉེ་བའི་ལོ་འགའི་ནང་ལས་རིགས་ཀྱི་སྒྲོམ་གཞི་དེ་དག་གི་གོམ་འགྲོས་ཇེ་མགྱོགས་སུ་བཏང་སྟེ། རིག་གཞུང་དང་བཅས་པ་ཉེན་ཁའི་གནས་སུ་བསྐྱལ་བཞིན་པའི་གནས་སྟངས་འདི་ནི། བོད་མི་ཚང་མས་དོ་སྣང་སྤྲོད་འོས་པའི་གནད་དོན་གལ་ཆེན་ཞིག་ཡིན་པས།  རང་གི་མཐོང་ཐོས་མྱངས་གསུམ་གཞིར་བཞག་སྟེ་ཁ་ན་ཊའི་གྲོང་ཁྱེར་ཊོ་རན་ཊོའི་བོད་པའི་སྤྱི་ཚོགས་དང་། ནུབ་ཕྱོགས་རྒྱལ་ཁབ་གཞན་ན་ཡོད་པའི་བོད་ཀྱིི་སྐད་ཡིག་སྲུང་སྐྱོབས་དང་རྒྱུན་འཛིན་སྐོར་གྱི་ཐབས་ལམ་ཅུང་ཟད་གླེང་བར་འདོད་དོ།།

 

སྤྱིར་ནུབ་ཕྱོགས་སུ་ཡོད་པའི་བོད་པ་རྣམས་ལབ་གླེང་ལ་དགའ་ཞིང་། གཞན་གྱི་སྐྱོན་འཚོལ་བ་དང་། གཞན་གྱི་ཞན་ཆ་གླེང་རྒྱུར་གོམས་ཆགས་སུ་སོང་ཡོད་པའི་རང་གཤིས་རེ་ཡོད་པས། རང་ཉིད་ཀྱི་ཀུན་སྤྱོད་ལ་བྱི་དོར་དགོས་པ་ཕལ་ཆེར་མི་དྲན།  ནམ་རྒྱུན་བོད་མི་རེ་ཟུང་ལྷན་ཏུ་འཛོམས་ཏེ་བོད་མའི་འཚོ་གནས་དང་འབྲེལ་བའི་གླེང་མོལ་ལ་ཞུགས་སྐབས། བཙན་བྱོལ་བོད་གཞུང་དང་། བོད་རིགས་སྤྱི་མཐུན་ཚོགས་པའམ།  ཚོགས་པ་ག་གེ་མོས་མ་འགྲིགས་པ་ཁོ་ན་བཤད་པ་ལས། སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་ཐེབས་ཀྱིན་པའི་བྱ་སྤྱོད་དེ་དཔེ་མཚོན་ལ་བཞག་སྟེ་གཟུར་བོར་གནས་པའི་སྐད་ཆ་བཤད་མཁན་ཉུང་། ང་ཚོ་མུ་མཐུད་གཤིས་ཀ་འདི་དང་ལྷན་དུ་མདུན་སྐྱོད་དང་། མི་རིགས་འཚོ་གནས་ལ་འགན་ལེན་མེད་པར་ཅི་མི་སྙམ་པར་བསྡད་ན། ནུབ་ཕྱོགས་སུ་གནས་པའི་བོད་མི་རྣམས་ནི་གནས་ཡུལ་རྒྱལ་ཁབ་སོ་སོའི་མི་རིགས་ཀྱི་ངོ་བོར་མགྱོག་པོར་འགྱུར་འགྲོ་བ་ལ་ཐེ་ཚོམ་མི་དགོས་པ་རེད།

 

གངས་ལྗོངས་ཆོས་ལྡན་གླིང་ལྟ་བུའི་བོད་ཀྱི་རིག་གཞུང་རྒྱུད་འཛིན་གྱི་ཆེད་དུ་བཙུགས་པའི་ནུབ་ཕྱོགས་སྤྱི་ཚོགས་ནང་གི་བོད་རིགས་སྤྱི་མཐུན་ཚོགས་པ་རྣམས་ཀྱི་དམིགས་འདུན་དེ།  བོད་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་ན།  ས་གནས་ཁག་གི་བོད་མིའི་སྤྱི་ཚོགས་ནང་དུ་བོད་ཀྱི་སྐད་ཡིག་འབྲི་ཀློག་བཤད་གསུམ་ལ་རྨོངས་པའི་གཞོན་སྐྱེས་ཀྱི་གྲངས་འབོར་ཉི་མ་རེ་རེར་འཕར་གྱིན་པའི་གནས་སྟངས་འཇིགས་སུ་རུང་བ་འདི་ལ་དོ་སྣང་གཟབ་ནན་གནང་དང་། ས་གནས་སོ་སོའི་བོད་རིགས་ན་གཞོན་རྣམས་སྐད་ཡིག་བྲི་ཀློག་བཤད་གསུམ་གྱི་རྨོངས་པ་ལས་སྐྱོབས་ཐབས་བཙལ་ཏེ། མི་རབས་རྒན་པའི་ཞབས་རྗེས་སུ་ཤར་མར་བསྐྱོད་པ་ལ་ཆོད་སེམས་འགྱུར་བ་མེད་པའི་གཤོག་ཟུང་གཉིས་ལྡན་གྱི་མི་རབས་གསར་བ་ཞིག་བསྐྱང་དགོས་པ་ནི་གལ་ཆེན་པོར་མཐོང་ངོ་།།

 

སྐད་ཡིག་རྒྱུད་འཛིན་དང་འབྲེལ་བའི་བྱ་འགུལ་མང་བོ་བོད་ཕྱི་ནང་གི་སྤྱི་ཚོགས་ནང་དུ་སྤེལ་གྱིན་པ་དང་།  གྲུབ་འབྲས་ཀྱང་གང་འཚམས་རེ་ཐོབ་བཞིན་ཡོད་པ་ནི་དགའ་འོས་པ་ཞིག་ཡིན་མོད་ཀྱང་།  ནུབ་ཕྱོགས་ཀྱི་བོད་མིའི་སྤྱི་ཚོགས་ནང་དུ་དེ་དང་དེ་འདྲ་བའི་བྱ་འགུལ་སྤེལ་མཁན་མེད་པའམ་ཉུང་བ་མ་ཟད། རིག་གཞུང་སྲུང་སྐྱོབས་ཀྱི་ཆེད་དུ་བཙུགས་པའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གིས་སྐད་ཡིག་གི་ལས་དོན་གལ་ཆེན་དུའང་རྩིས་མེད་ལ། ཁོར་ཡུག་གི་དབང་དུ་སོང་སྟེ། བོད་ཀྱི་སྐད་ཡིག་བདག་མེད་ད་ཕྲུག་བཞིན་གནས་དགོས་པའི་རྒྱུ་རྐྱེན་ནི། ང་ཚོ་རང་ཉིད་ལ་ཐུག་ཡོད་པ་དང་། རང་དབང་དང་ཐོབ་ཐང་ཆ་ཚང་ཡོད་པའི་གནས་ཡུལ་རྒྱལ་ཁབ་གྱི་སྲིད་གཞུང་རིམ་པར་ཁག་འགེལ་མི་རུང་སྙམས་ཤིང་། ཁག་འགེལ་ས་གཞན་གང་ཡང་མེད།

 

བོད་ཀྱི་སྐད་དང་ཡི་གེ་སྲུང་སྐྱོབ་ཀྱི་ཆེད་དུ་བཙུགས་པའི་བོད་རིགས་སྤྱི་མཐུན་ཚོགས་པ་རྣམས་ཀྱིས་འདི་ནི་བོད་ཀྱི་སྐད་ཡིག་ལ་བཟུང་པའི་ལྟ་བ་དང་། དེ་རྒྱུན་འཛིན་བྱེད་ཐབས་ལ་དམིགས་ཏེ་བདམས་པའི་ལམ་ཀ་ཡིན། ལམ་ཀ་འདི་ནི་ཞབས་རྡོལ་བའི་གྲུ་གཟིངས་ཤིག་རྒྱ་མཚོར་བྱིང་པའི་ངང་ཚུལ་ལས་མ་འདས་པས། ནུབ་ཕྱོགས་བོད་མིའི་སྤྱི་ཚོགས་ཀྱི་སྐད་ཡིག་གི་གནས་ཚད་ལ་བརྟག་དཔྱད་ཞིབ་འཇུག་དང་། དེ་འབྲེལ་ལས་དོན་ལག་ལེན་དུ་སྤེལ་ཕྱོགས་ཐོག་ནས་འགྱུར་བ་གཏོང་སྟངས་དང་། དེ་དང་འབྲེལ་བའི་བསམ་འཆར་འགའ་སྟེ།  

 

དང་པོ། ནུབ་ཕྱོགས་ན་གནས་པའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་རིག་གཞུང་འབྲེལ་མཐུད་པའི་ལས་འཛིན་འོག་ཏུ་བོད་དབྱིན་གཉིས་ལ་བྱང་ཆ་ཡོད་པའི་དམིགས་བསལ་ཤེས་རིག་ཚོགས་ཆུང་ཞིག་ངེས་པར་འཛུགས་དགོས་པ་དང་།  རིག་གཞུང་བྲེལ་མཐུད་མི་སྣ་དེ་ནི་བོད་ཡིག་གི་ཤེས་ཚད་མཐོན་པོ་ཡོད་མཁན་ཞིག་ཡིན་ཐོག སྐད་ཡིག་སློབ་གསོའི་བྱ་བཞག་དང་འབྲེལ་བའི་ལས་དོན་ཕྱོགས་ལའང་སེམས་ཤུགས་དང་ཉམས་མྱོང་ཡོད་མཁན་ཞིག་ངེས་པར་ཡིན་དགོས། སྐད་ཡིག་རིག་གནས་རྒྱུད་འཛིན་གྱི་ལས་དོན་ཐམས་ཅད་ཚོགས་ཚུང་འདི་བརྒྱུད་དེ། སྤྱི་ཚོགས་ནང་དང་། ཁྱིམ་ཚང་ནང་ལ་འཕྲད་ཀྱིན་པའི་ཡིད་སྐྱོ་བའི་སྐད་ཡིག་ཉམས་ཆག་གི་གནས་བབས་འདི་སྐྱོབས་ཐབས་ལ་འབད་དགོས་པར་སེམས་སོ།།

 

གཉིས་པ། ཤེས་རིག་ཚོགས་ཆུང་མི་སྣས་འཇིག་རྟེན་སྤྱི་ལུགས་ལྟར། དཔྱད་ཞིབ་གྱི་རིམ་པ་ཡོངས་སུ་བརྒྱུད་མཐར།  སློབ་ཁྲིད་ཀྱི་ཆ་རྐྱེན་ཕུན་སུམ་ཚོགས་པ་ཡོད་བའི་མི་སྣ་གཟའ་སྤེན་པའི་སྐད་ཡིག་འཛིན་གྲྭའི་དགེ་རྒན་ལ་འདེམས་དགོས་པ་དང་། འཛིན་ཞུགས་སློབ་མའི་གྲངས་འབོར་འཕར་ཐབས་སྐོར་སློབ་ཕྲུག་གི་ཕ་མ་དང་མཉམ་དུ་གྲོས་མོལ་ནང་སྟེ།  གཟའ་འཁོར་གཅིག་གི་ནང་གི་གཟའ་སྤེན་པ་དེ་བོད་རིགས་སྤྱི་མཐུན་ཚོགས་པ་དག་གི་བོད་ཡིག་གི་ཉིན་མོར་འགྱུར་ཐུབ་པ་ལ་འབད་དགོས་ཤིང་།  ཕ་མ་དང་བུ་ཕྲུག་གི་དུས་ཚོད་འཕྲ་བརླག་ཏུ་མི་གཏོང་བའི་འགན་ལེན་གཙང་མ་བྱེད་དགོས། འཛིན་གྲྭ་ཚོགས་ཡུལ་དང་འཛིན་ཞུགས་སློབ་མའི་གྲངས་འབོར་ལ་འབྲེལ་བ་དམ་ཟབ་ཡོད་པས། འཛིན་གྲྭ་འཚོག་ཡུལ་དེ་མི་མང་གནས་ཡུལ་ས་ཁུལ་དང་འགྲིམ་འགྲུལ་བདེ་ས་ཤིག་ངེས་པར་ཡིན་དགོས།

 

གསུམ་པ།  ནུབ་ཕྱོགས་སུ་གནས་པའི་བོད་རིགས་སྤྱི་མཐུན་ཚོགས་པའི་ལས་བྱེད་པ་འགའ་ཞིག་གི་སེམས་སུ།  རིག་གཞུང་རྒྱུན་འཛིན་ནི་ཟློས་གར་ཁྲབ་སྟོན་ཁོ་ན་ཡིན་པར་སྙམ་པ་དང་། ཟློས་གར་དེ་ཡང་བོད་གཞས་ཀྱི་གདེངས་དབྱིན་ཡིག་ཐོག་བྲིས་ཏེ་འཁྲིད་བཞིན་ཡོད་པ། ཟློས་གར་ཁྲབ་མཁན་གྱི་གཞོན་སྐྱེས་དག་གིས་ཟློས་གར་སློབ་པ་ལ་བོད་ཡིག་ངེས་པར་ཤེས་མི་དགོས་པ་འདོད། ཐབས་སྐྱོ་བའི་བྱེད་སྟངས་ངན་པ་འདི་མཚམས་བཞག་སྟེ་བོད་སྐད་དང་བོད་ཡིག་རྨང་གཞིར་བགྱིས་ཐོག་བོད་ཀྱི་ཟློས་གར་སློབ་འཁྲིད་བྱེད་དགོས་པ་གལ་ཆེའོ། །

 

བཞི་བ། ཊོ་རན་ཊོར་ན་ཡོད་པའི་གངས་ལྗོངས་ཆོས་ལྡན་གླིང་ལ་མཚོན་ན།  ཆོས་དང་རིག་གཞུང་གི་བྱེད་སྒོ་དང་འབྲེལ་བའི་ཕྱི་ནང་གི་ཡིག་ཆ་ཡོངས་རྫོགས་དབྱིན་ཡིག་ཁོ་ན་བེད་སྤྱོད་བྱེད་པའི་ལམ་དང་ལུགས་སྲོལ་དར་ཁྱབ་ལ་སོང་ཚར་ཡོད། ལམ་དང་ལུགས་སྲོལ་འདི་ནི་འཆི་ལམ་ཁོ་ན་ཡིན་པ་ངོས་ཟིན་པར་བྱས་ཏེ།  ད་ལྟ་ནས་བཟུང་ཚོགས་པའི་ཕྱི་ནང་གི་བྱེད་སྒོ་དང་འབྲེལ་བའི་ཡིག་ཆ་ཚང་མ་བོད་དབྱིན་ཤན་སྦྱར་ཐོག་འབྲི་བའི་ལམ་ལུགས་གསར་བ་གཏོད་དགོས། གལ་ཏེ། དེ་ལས་ཟློག་སྟེ་སྔར་ཡོད་ལམ་ལུགས་ལ་བསྒྱུར་བཅོས་མ་བཏང་བར་བསྡད་པ་ཡིན་ན།ནུབ་ཕྱོགས་སུ་བོད་ཀྱི་རིག་གཞུང་རྒྱུན་འཛིན་དང་སྲུང་སྐྱོབ་ཟེར་བ་ཁ་གཡང་ཙམ་དུ་ཟད་དོ།།

 

ལྔ་བ། ནུབ་ཕྱོགས་བོད་མིའི་སྤྱི་ཚོགས་ཀྱི་ཆེད་ལས་པའི་གྲངས་འབོར་ལོ་རེ་བཞིན་ཡར་འཕར་བཞིན་པ་དང་།  སྤྱི་ཚོགས་ཞབས་ཞུ་དང་འབྲེལ་བའི་ལས་རིགས་གཉེར་མཁན་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པས། ཆེད་ལས་པ་དེ་དག་གིས་ངེས་པར་དུ་ཡུལ་དེའི་རྒྱལ་ཁབ་གྱི་གོ་སྐབས་དམ་འཛིན་གྱིས། བོད་མིའི་ས་ཁུལ་དག་ཏུ། སྐད་ཡིག་བེད་སྤྱོད་སའི་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་གསར་བ་འཛུགས་ཐབས་ལ་འབད་དགོས་པ་དང་། ལྷག་པར་དུ་བོད་མིའི་ས་ཁུལ་ཁག་གི་སྤྱི་ཚོགས་ཞབས་ཞུ་ཁང་དག་གི་ནང་དུ་ཕྱག་ལས་གནང་བཞིན་པའི་བོད་མི་དེ་དག་གིས་རང་ཉིད་ཀྱིས་ཕྱག་ལས་གནང་སའི་ཚོགས་པ་དེའི་ཞབས་ཞུའི་ལས་རིགས་དང་འབྲེལ་བའི་གསལ་བསྒྲགས་ཡིག་ཆ་དང་། ངོ་སྤྲོད། བྱེད་སྒོ་དང་འབྲེལ་བའི་ཡིག་ཆ་རྣམས་བོད་ཡིག་ནང་དུ་འགྲེམ་སྤེལ་བྱེད་ཐུབ་པར་བརྩོན་དགོས། གལ་ཏེ་འདི་འདྲའི་ཕྱག་ལས་ལ་ཤུགས་སྣོན་རྒྱག་ཐུབ་པ་ཡིན་ན། ས་གནས་བོད་མིའི་འཚོ་གནས་དང་སྐད་ཡིག་བར་ལ་འབྲེལ་བ་བརྟན་པོ་ཞིག་ཆགས་ཐུབ་པ་དང་། སྐད་ཡིག་བེད་སྤྱོད་བྱེད་སའི་ཁོར་ཡུག་ཇེ་ཆེ་དང་ཇེ་རྒྱས་སུ་འགྲོ་ཐུབ་པར་སྙམ་མོ།།

 

དྲུག་པ། ནུབ་ཕྱོགས་སུ་ཡོད་པའི་བོད་མི་མང་ཤོས་བོད་ཡིག་འབྲི་ཀློག་ལ་རྨོངས་པ་ཤ་རྟག་ཡིན་མིན་མི་ཤེས་ཏེ། བོད་ཡིག་འབྲི་ཀློག་ལ་མི་དགའ་པ་དང་གཅིག བོད་མི་ནང་ཁུལ་ལའང་དབྱིན་སྐད་ཁོ་ན་བཤད་དེ་གླེང་མོལ་གནང་བ་དང་གཉིས།  ཕ་མ་ལ་ལས་བསམ་བཞིན་དུ་བུ་ཕྲུག་ལ་དབྱིན་སྐད་ཁོ་ན་བཤད་པ་དང་གསུམ། ཕ་མ་ལ་ལས་རང་གི་དབྱིན་སྐད་ཡར་རྒྱས་སུ་གཏོང་ཕྱིར་བུ་ཕྲུག་བེད་སྤྱོད་བྱེད་པ་དང་བཞི། ཕ་མ་ལ་ལས་བུ་ཕྲུག་གི་མ་འོངས་བ་དབྱིན་སྐད་ལ་རེག་ལས་ཡོད་བསམ་ཞིང་བོད་ཀྱི་སྐད་ཡིག་ལ་མཐོང་ཆུང་དང་ལྔ།   བོད་མི་རིགས་ཀྱི་འཆི་གསོན་ལ་བསམ་བློ་གཏོང་བའི་གཤིས་ཀ་མེད་པ་དང་དྲུག   རྒྱལ་བའི་བཀའ་ཁ་ལ་འཁྱེར་བ་ལས་ཉམས་སུ་མི་ལེན་པ་དང་བདུན། དཔལ་འབྱོར་ལ་འཛིན་པའི་རིན་ཐང་ཆེ་དྲག་པ་དང་བརྒྱད་ནི།  ཁྱིམ་ཚང་དང་སྤྱི་ཚོགས་ནང་གི་བོད་ཀྱི་སྐད་ཡིག་ཉམས་ཆགས་སུ་འགྲོ་བའི་རྒྱུ་རྐྱེན་དག་ཡིན། རྒྱུ་རྐྱེན་འདི་དག་གི་མཇུག་འབྲས་ནི་མིའི་བསམ་ཡུལ་ལས་འདས་པའི་གོད་ཆགས་འཇུགས་སུ་རུང་བ་ཡིན་པ་ལ་བསམ་གཞིག་ལེགས་པར་གཏོང་བའི་དུས་བསླེབས་པ་ན།  བོད་མི་རེ་རེའི་ངོས་ནས་རང་གི་བྱ་སྤྱོད་ལ་བཟང་ངན་གྱི་དབྱེ་ཞིབ་བྱས་ཏེ་མི་རིགས་ཀྱི་ཚེ་སྲོག་སྐྱོབ་པའི་ལས་ཀརཞུགས་རྒྱུ་གལ་ཤིན་དུ་ཆེ་བར་མཐོང་ངོ་།།

 

བདུན་པ། བོད་ཡིག་འབྲི་ཀློག་ལ་རྨོང་བའི་དེང་དུས་ཀྱི་ཆེད་ལས་མི་སྣ་དང་ལྷན་པར་དུ་སྐད་ཡིག་གི་གལ་ཆེའི་རང་བཞིན་དང་། དགོས་མཁོའི་རང་བཞིན་སོགས་གླེང་བ་ཡིན་ན། ཕལ་ཆེ་བ་ཞིག་གི་ངོ་མདོག་འགྱུར་འགྲོ་བ་དང་། དོག་མི་བདེ་བ་གྱུར་བ། གླེང་མོལ་ལས་གཡོལ་ཐབས་བྱེད་པ་སོགས་ཡིན། ཆེས་ཉུང་ཞས་ཤིག་གིས་གནོང་རང་ཐོག་ཏུ་བླངས་ཏེ་དེ་མ་ཐག་ཁོང་ཁྲོ་ལངས་པ་དང་། བོད་ཡིག་བོད་སྐད་མ་ཤེས་ནའང་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་ཐུབ་པའི་དཔེ་མཚོན་དུ་བོད་དོན་འཐབ་རྩོད་ལ་སྣེ་ཁྲིད་མཁན་གྱི་མི་སྣ་རེ་ཟུང་དྲངས་ནས་འབྲེལ་མེད་དོན་གཞན་ཞིག་གི་ཐོག་ལ་རྩོད་པ་བྱེད།  བོད་མི་འདི་དག་ལ་མཚོན་ན་ཁོར་ཡུག་གི་གནས་སྟངས་དང་ཆབ་སྲིད་ཀྱི་གནས་སྟངས་སོགས་རྒྱུ་རྐྱེན་མང་བོས་བོད་ཡིག་དང་བོད་སྐད་ལ་སྦྱོང་བའི་གོ་སྐབས་དང་མཐུན་རྐྱེན་མ་འཛོམས་པའི་དཀའ་ངལ་འཕྲད་ཡོད་པ་ནི་དངོས་ཡོད་རེད། ཡིན་ནའང་།  རང་ཉིད་ཀྱི་མི་རབས་ཚ་རྒྱུད་རྣམས་བོད་མི་རིགས་ཀྱི་ངོ་བོ་རང་ལ་གནས་ཐུབ་པ་དང་།  བོད་དོན་འཐབ་རྩོད་ཀྱི་རྒྱུན་མི་རབས་ནས་མི་རབས་ལ་གནས་ཐུབ་དགོས་པར་སེམས་གཏིང་ནས་འདོད་ན། ལོ་རྒན་དྲུག་ཅུ་བདུན་ཅུ་ལོན་པའི་བོད་མི་ཞིག་ཡིན་ནའང་། བོད་ཡིག་འབྲི་ཀློག་དང་བཀོལ་སྤྱོད་ཀྱི་ལས་ལ་བརྩོན་དགོས་པར་གལ་ཆེ་བར་མཐོང་ངོ།།

 

བརྒྱད་པ། བོད་ཡིག་འབྲི་ཀླིག་གི་གནས་ཚད་ཅུང་ཟད་ཡག་པོ་ཡོད་མཁན་རྣམས་ཀྱིས་ཀྱང་བོད་ཡིག་འབྲི་ཀློག་གི་ལས་ལ་བརྩོན་བཞིན་པའི་བོད་མི་རྒན་གཞོན་རྣམས་ལ་མཐོང་ཆུང་དང་། སྡུག་མོད། དམའ་འབེབས་དང་ཟུར་ཟ་སོགས་ནི།  བོད་ཡིག་འབྲི་ཀློག་ལ་གསར་དུ་འཇུག་བཞིན་པའི་ལས་དང་བོ་རྣམས་ཀྱི་སེམས་ཤུགས་ལྕོགས་བྱེད་ཉག་གཅིག་ཏུ་མཐོང་བས། རང་རང་གིི་ལུས་ངག་གི་བྱ་སྤྱོད་ལ་གཟབ་ནན་བྱས་ཏེ། ལྷག་བསམ་རྣམ་དག་གིས་བརྡ་སྤྲོད་དང་། ཡི་གེའི་དག་ཆ། སྡེབ་སྤྱོར་བདེ་མིན་ལ་སོགས་ལ། རོགས་སྐྱོར་དང་འཛུབ་སྟོན་གནང་བ་ཡིན་ན་བོད་ཀྱི་སྐད་ཡིག་འབྲི་ཀློག་བཤད་གསུམ་གྱི་བྱེད་མཁན་གྱི་གྲངས་ཀ་འཕེལ་རྒྱས་སུ་འགྲོ་བར་ཕན་ཐོག་ཆེན་པོ་ཡོད་པ་རེད་སྙམ་མོ།།

 

མཐའ་དོན་མི་སུ་ཡིན་ནའང་རང་བློ་ལ་དཔག་པའི་ཡོན་ཏན་རེ་ཡོད་པ་དང་། རང་ལ་ཡོད་པའི་ཡོན་ཏན་དེ་རྩ་ཆེན་དུ་བརྩི་བ་ནི་འགྲོ་བ་མིའི་རང་གཤིས་ཤིག་ཀྱང་རེད། བོད་ཡིག་གི་རྨང་གཞིའི་ཐོག་ནས་སློབ་གསོའི་ཐེམ་རྐེས་ལ་འཛེགས་མ་མྱོང་བའི་མི་ཤིག་ལ་མཚོན་ན།  བོད་སྐད་དང་བོད་ཡིག་ལ་མཐོང་ཆེན་མི་བྱེད་པ་ནི་མི་དེའི་རང་གཤིས་ཞིག་ཏུ་མཐོང་བ་དང་། སྤྱི་ཚོགས་སློབ་གསོའི་ལས་དོན་གྱི་རྐང་ལམ་བགྲོད་མ་མྱོང་བའི་བོད་ཀྱི་སྐད་ཡིག་གི་གནས་ཚད་མཐོན་པོ་ཡོད་མཁན་རྣམས་ལ་མཚོན་ནའང་།  རང་གི་སྐད་ཡིག་གི་གནས་ཚད་ཁོ་ནས་སྟེང་ནས་གཞན་ལ་གོང་ཚོད་གཅོད་ཀྱིན་པའི་རང་གཤིས་ཤིག་ཡོད་དུས།  སྐད་ཡིག་སློབ་གསོའི་ལས་དོན་དང་འབྲེལ་བའི་ནུབ་ཕྱོགས་བོད་མིའ་སྤྱི་ཚོགས་ནང་དུ་ཤུགས་རྐྱེན་ཆེན་པོ་ཐེབས་ཐུབ་གྱི་མེད། དེས་ན། ཚོགས་སྒེར་སུ་ཡིན་ནའང་། རང་སྟེང་ན་རང་མི་རིགས་ཀྱི་ཁྱད་ཆོས་ག་ཚོད་ཚང་ཡོད་མེད་ལ་དབྱེ་ཞིབ་དང་བསམ་གཞིག་ཡང་དག་པ་བྱས་ཏེ། ནུབ་ཕྱོགས་ཀྱི་བོད་མིའི་སྤྱི་ཚོགས་ནང་སྐད་ཡིག་ཉམས་ཆགས་ཀྱི་ཉེན་ཁ་ལས་སྐྱོབས་ཐབས་ལ། ཕྱར་བ་གྲུ་འདེགས་ཀྱི་བྱ་བར་ཞུགས་དགོས་པའི་གཉན་འཕྲེང་གི་དུས་ལ་བསླེབས་ཡོད་པ་ནི་བོད་ནང་གི་རང་ལུས་མེ་བསྲེགས་ཀྱི་བྱ་འགུལ་སོགས་ཀྱིས་བརྡ་སྤྲོད་བཞིན་ཡོད་པ་འདི་ལགས་སོ།། 

 

 

Topic: ༄༅། །ནུབ་ཕྱོགས་རྒྱལ་ཁབ་ནང་བོད་ཀྱིི་སྐད་ཡིག་སྲུང་སྐྱོབ་དང་རྒྱུན་འཛིན་སྐོར་གྱི་ཐབས་ལམ་ཅུང་ཟད་གླེང་བ།

No comments found.

New comment