༄༅།། ལས་བཟང་ལ་བྱ་དགའ།

30/09/2012 11:56

 

གྷི་རིག་གི་རྒྱལ་པོ་ཞིག་ལ་ཞབས་ཕྱི་ཞུ་མཁན་གྱི་གཡོག་པོ་མང་པོ་ཡོད་པ་རེད། འོན་གྱང་རྒྱལ་པོས་གཡོག་པོ་རྣམས་ལ་ཧ་ཅང་གི་སྡུག་པོ་གཏོང་གི་ཡོད། ཉིན་གཅིག་ཉེས་ཆད་ལས་གཡོལ་ཐབས་སུ་གཡོག་པོ་ཞིག་ཐག་རིང་ལ་བྲོས་ནས་བྲག་ཕུག་གཅིག་ཏུ་ཡིབ་ནས་བསྡད། དུས་ཚོད་རིང་པོ་མ་འགོར་བར་རྐང་པར་ཚེར་མ་ཟུག་པའི་སེང་གེ་ཞིག་ན་ཟུག་དྲག་པོའི་སྐད་ངན་སྒྲོགས་བཞིན་དེར་སླེབས་པ་རེད། གཡོག་པོས་ བློ་སྟོབས་ཆེན་པོའི་ངང་ཚེར་མ་དེ་བཏོན་པས་སེང་གེའི་ན་ཟུག་དྲག་ཏུ་ཕྱིན། འོན་གྱང་གཡོག་པོ་དེ་སླར་ཡང་འཛིན་བཟུང་བྱས་ནས། རྒྱལ་པོས་ཁོ་ཐག་རིང་དུ་བྲོས་པའི་ཉེས་པར་སེང་གེ་ལྟོགས་པ་ཞིག་གི་མདུན་དུ་གཡུག་དགོས་པའི་བཀའ་གནང་བ་རེད།

 

ལྕགས་རིས་བཀོར་བའི་དོ་ར་དེར་མི་མང་ལ་ལྟད་མོ་བསྟན་རྒྱུའི་གྲ་སྒྲིག་བྱས་ཤིང་། དུས་ཚོད་གང་འཚམས་གཅིག་ལ་ལྕགས་དྲའི་སྒོ་ཕྱེ་བ་དང་སེང་གེ་དེ་མར་ཐོན། ཁོས་ངར་སྒྲ་ཆེན་པོ་བརྒྱགས་ཀྱང་གུས་ཞབས་ལྡན་པའི་ངང་གཡོག་པོ་དེའི་ལག་པར་ལྕེ་ལྡག་བརྒྱབས་པ་ལས་བཟའ་རྩིས་རྩ་ནས་མ་བྱས་པ་རེད། སེང་གེས་གཡོག་པོར་བྱས་པའི་གུས་ཞབས་དེར་རྒྱལ་པོ་ཧ་ལས་པར་རྒྱུར་གྱང་རྒྱུ་མཚན་གང་ཡིན་ཤེས་མེད། 
དེ་ནས་གཡོག་པོས་ཇི་ལྟར་བྱས་ནས་སེང་གེར་རོགས་པ་བྱས་སྟངས་དང་། ཁོ་འཛིན་བཟུང་མ་བྱས་སྔོན་ལ་བྲག་ཕུག་ནང་དུ་གང་འདྲ་བྱས་ནས་གནས་ཡོད་པ། དེ་རྗེས་སེང་གེ་ལྟོགས་པ་ཞིག་ལ་སྟེར་དགོས་པའི་བཀའ་གནང་བ་སོགས་ཀྱི་གནས་ཚུལ་རྣམས་རྒྱལ་པོར་ཞུས། རྒྱལ་པོས་ལོ་རྒྱུས་དེ་དག་ཐོས་སྐབས་ཡིད་ཧ་ཅང་མགུ་སྟེ་གཡོག་པོ་དང་སེང་གེ་གཉིས་ཀ་གློད་འགྲོལ་གནང་བ་རེད།།