གཞན་དོན་སྒྲུབ་ན་རང་དོན་ཞོར་ནས་འགྲུབ།

05/09/2016 09:32
གནའ་སྔ་མོ་ཞིག་ལ། སྡེ་བ་ཆུང་ཆུང་། ཆུང་ཆུང་ཞིག་ཡོད། སྡེ་བ་དེ་ན་ཁྱིམ་ཚང་དབུལ་པོ་ཞིག་ཡོད། ཁྱིམ་ཚང་དེར་ནང་མི་གསུམ་ཡོད། 
ཁྱིམ་ཚང་དེའི་ཕ་མ་གཉིས་ནི་རྒན་གོག རྒན་གོག་ཡིན་པ་དང་། ཁོང་གཉིས་ལ་རྒྱལ་མཚན་ཞེས་པའི་བུ་གཤིས་བཟང་ཞིག་ཡོད། 
ཁྱིམ་ཚང་དེ་དབུལ་པོ་ཡིན་པས། མི་ཚོས་བུ་རྒྱལ་མཚན་ལ་གུས་ཞབས་མི་བྱེད་པ་མ་ཟད། ནམ་རྒྱུན་མཐོང་ཆུང་དང་དམའ་འབེབས་ཀྱང་བྱེད་ཀྱིན་ཡོད། 
ཕ་མ་རྒན་གོག་གཉིས་ཀྱིས་རང་གི་བུ་ཆུང་ནས་བརྙས་བཅོས་མྱོང་བཞིན་ཡོད་པ་སེམས་ནས་མ་བཟོད་པར། དབུལ་པོའི་སྡུག་བསྔལ་སེལ་ཐབས་ཀྱི་སྐོར་ཡར་མར་ལ་སྐད་ཆ་འདྲི་བཞིན་ཡོད། 
ཞོགས་པ་ཞིག་ལ། ཕ་མ་གཉིས་ཀྱིས་ཞོགས་ཇ་འཐུང་བཞིན་པའི་སྐབས་སུ། བྱ་ཞིག་གིས་སྦྲ་ཡི་ཁ་ཚུབ་ལས་ཡི་གེ་ཞིག་མར་གཡུགས་པ་དང་། དེ་ནི་རྒྱ་མཚོའི་ཕ་རོལ་དུ་ཡོད་པའི་མཚམས་པ་ཞིག་གི་ལོ་རྒྱུས་རེད། 
ཕ་མ་གཉིས་ཀྱིས་བུ་རྒྱལ་མཚན་ལ། ཁྱོད་རྒྱ་མཚོའི་ཕ་རོལ་གྱི་མཚམས་པ་དེའི་དྲུང་དུ་དབུལ་པོའི་སྡུག་བསྔལ་ཞུ་རུ་འགྲོ་དགོས་ཞེས་བཤད། བུ་རྒྱལ་མཚན་གྱིས་ལགས་སོ། བཀའ་བཞིན་བསྒྲུབ་ཆོག་ཅེས་ལམ་དུ་ཆས། 
ཉིན་ཞིག་ཆར་བ་ཆེན་པོ་བབས་པ་དང་བུ་རྒྱལ་མཚན་བྲག་རྡོ་ཞིག་གི་འོག་ཏུ་ཡིབ་ནས་བསྡད་པས་ཆར་བས་མ་བརླན། ཆར་བ་འབབ་མཚམས་བཞག་དུས། བྲག་རྡོའི་འགྲམ་ན། བུ་མོ་ཞིག་གི་ལུས་པོ་ཡོངས་རྫོགས་རློན་པ་བྱས་ཏེ་འདར་ཤིག་ཤིག་བསྡད་ཡོད་པ་མཐོང་། 
ཁོས་བུ་མོ་དེར་སྙིང་རྗེ་སྐྱེས་ཏེ། རང་གི་ལུས་ཀྱི་གྱོན་པ་སྐམ་པོ་མོའི་ལུས་ལ་གཡོགས། སྐབས་དེར། ཡུལ་དེའི་རྒྱལ་པོ་བརྔོན་དུ་ཆས་ནས་ས་དེར་སླེབས། རྒྱལ་མཚན་གྱི་ལུས་པོ་རློན་མེད་པ་མཐོང་བས་རྒྱལ་པོ་ཡ་མཚན་སྐྱེས། 
རྒྱལ་པོས་བུ་མོ་འདི་ངའི་སྲས་མོ་གཅིག་པུ་ཡིན། མོས་ཁ་གྲགས་མི་ཤེས་པས། ཁྱོད་ཀྱིས་རྒྱ་མཚོའི་ཕ་རོལ་ཀྱི་མཚམས་པ་དེར། ངའི་བུ་མོས་ཁ་གྲགས་མི་ཤེས་པའི་དོན་འདི་ཞུ་རོགས་ཞེས་བཅོལ་གདམས་བྱས། 
རྒྱལ་མཚན་སོང་སོང་སྟེ་ཉིན་ཞིག་དགེ་འདུན་པ་ཁ་ཤས་དང་འཕྲད། ཁོང་ཚོས་བུ་ཁྱོད་གང་དུ་འགྲོ་གི་ཡིན་ཞེས་དྲིས། ཁོས་རྒྱ་མཚོའི་ཕ་རོལ་དུ་མཚམས་པ་ཞིག་འཚོལ་དུ་འགྲོ་གི་ཡོད་པ་བཤད། 
དགེ་འདུག་པ་དེ་ཚོས་དེ་ན་ཧ་ཅང་བཟང་། ང་ཚོས་འདིར་དགོན་པ་ཞིག་འདེབས་བཞིན་ཡོད། འོན་ཀྱང་ས་འདི་ནས་ཆུ་མི་རྙེད་པས། དོན་དེ་མཚམས་པ་དེར་ཞུ་རོགས་ཞེས་བཤད། 
དེ་ནས་རྒྱལ་མཚན་སོང་སོང་བ་ན། རྒྱ་མཚོའི་ཁར་ཐོན། དེར་འབྲུག་གཅིག་ཡོད་པ་དང་། འབྲུག་དེས་ཁྱོད་གང་དུ་འགྲོ་བ་ཡིན་ཞེས་དྲིས། ཁོས་རྒྱ་མཚོའི་ཕ་རོལ་དུ་མཚམས་པ་ཞིག་འཚོལ་དུ་འགྲོ་བ་ཡིན་བཤད། 
འབྲུག་དེས་རྒྱལ་མཚན་རྒྱབ་ཏུ་ཁུར་ནས་རྒྱ་མཚོའི་ཕ་རོལ་དུ་བསྐྱལ་ཏེ། སྔོན་ཆད་ང་འཕུར་ནས་འགྲོ་ཐུབ་གྱི་ཡོད་ཀྱང་། ད་ལྟ་འཕུར་མི་ཐུབ་པས་དོན་དེ་མཚམས་པ་དེར་ཞུ་རོགས་ཞེས་བཤད། 
ལོ་གཅིག་དང་ཟླ་བ་ཁ་ཤས་ཀྱི་རྗེས་སུ། རྒྱལ་མཚན་གྱིས་མཚམས་པ་དེ་རྙེད། ཁོ་རང་ཡོང་དོན་ཆ་ཚང་ཞུ་སྐབས།མཚམས་པ་དེས་དོན་དག་གསུམ་མ་གཏོགས་ཞུ་ཆོག་གི་མ་རེད་ཅེས་གསུངས། 
དེ་ནས་རྒྱལ་མཚན་གྱིས་རྒྱལ་པོའི་བུ་མོས་ཁ་གྲགས་མི་ཤེས་པ་དང་། གྲྭ་བ་ཚོས་ཆུ་མ་རྙེད་པའི་དཀའ་ངལ། མཚོ་ཁར་འབྲུག་འཕུར་མ་ཐུབ་པའི་དཀའ་ངལ་ཞུས་ཏེ་རང་ཉིད་ཀྱི་དོན་དག་མ་ཞུས་པ་རེད། 
མཚམས་པ་དེས་རྒྱལ་པོའི་སྲས་མོ་འབྲུག་ཞོན་ནོར་བུ་རྒྱལ་མཚན་ལ་མནའ་མར་བྱིན་ན་མོས་ཁ་གྲགས་ཐུབ། དགོན་པ་འདེབས་ས་དེར་ཕ་བོང་གཅིག་ཡོད་པ་དེའི་འོག་ན་ཆུ་ཡོད། འབྲུག་གི་མགོར་ནོར་བུ་ཞིག་ཡོད། དེ་བླངས་པ་ཡིན་ན་འབྲུག་སྔར་ལྟར་འཕུར་ཐུབ་ཅེས་གསུངས། 
རྒྱལ་མཚན་ཕྱིར་ཡོང་བའི་ལམ་བར་དུ། འབྲུག་དེས་སྒུག་ནས་ཡོད་པ་དང་། ཁོས་འབྲུག་ཞོན་ནས་རྒྱ་མཚོའི་ཚུར་རོལ་དུ་ཡོང་། དེ་ནས་ཁོས་འབྲུག་གི་མགོ་ནས་ནོར་བུ་དེ་བླངས་པ་ན། འབྲུག་ནམ་མཁའ་འཕུར་ནས་སོང་ངོ།
 དེ་ནས་མར་དགོན་པ་འདེབས་ས་དེར་ཐོན་དུས། གྲྭ་བ་ཚོས་སྒུག་བསྡད་ཡོད་པ་དང་། མཚམས་པས་གསུངས་པ་ལྟར་རྡོ་ཕ་བོང་གཅིག་ཡོད་པ་དའི་འོག་ཏུ་ཆུ་བཙལ་ནས་རྙེད་པ་རེད། 
དེ་ནས་རྒྱལ་བོའི་མདུན་དུ་སོང་སྟེ། སྲས་མོ་འབྲུག་ཞོན་ནོར་བུ་རྒྱལ་མཚན་ལ་མནའ་མར་སྟེར་དགོས་པའི་རྒྱུ་མཚན་ཞུས། རྒྱལ་པོས་བློན་པོ་རྣམས་འབྲུག་ཞོན་ནོར་ནུ་རྒྱལ་མཚན་འཚོལ་དུ་མངགས། 
བློན་པོ་རྣམས་ཀྱིས་གང་ས་གང་དུ་འབྲུག་ཞོན་ནོར་བུ་བཙལ་ཡང་མ་རྙེད་པས། རྒྱལ་པོ་ཁོང་ཁྲོ་ལངས་ཏེ་བུ་རྒྱལ་མཚན་བཙོན་དུ་བཅུག སྐབས་དེར། རྒྱལ་མཚན་གྱི་ཨ་མ་ཁོར་ལྟ་རུ་ཡོང་ནས། གཞན་དོན་སྒྲུབ་ན་རང་དོན་ཞོར་ནས་འགྲུབ་པས། སེམས་ཁྲལ་མ་བྱེད་ཅེས་སེམས་གསོ་བྱས། 
དེ་ནས་རྒྱལ་མཚན་གྱིས་རང་གིས་འབྲུག་ཞོན་མྱོང་བ་དང་། ལག་ཏུ་ནོར་བུ་ཡོད་པ་མིང་ལ་རྒྱལ་མཚན་ཡིན་པ་ཡིད་ལ་དྲན་ཞིང་། དེ་མ་ཐག་ཁོས་བཙོན་སྲུང་བ་ཞིག་བརྒྱུད་ནས་དོན་དེ་རྒྱལ་པོ་ལ་ཞུ་རུ་བཅུག 
རྒྱལ་པོ་ཡང་འུ་ཐུག་ཡོད་པས། དེ་ན་ཚོད་ལྟ་ཞིག་བྱེད་ཆོག་ཅེས། སྲས་མོ་རྒྱལ་མཚན་གྱི་ཆུང་མར་གནང་། ཉིན་དེ་ནས་བཟུང་རྒྱལ་པོའི་སྲས་མོས་ཁ་གྲགས་ཤེས་པར་གྱུར་ཏེ། རྒྱལ་པོ་རབ་ཏུ་དགའ་ནས་འབྲུག་ཞོན་ནོར་བུ་རྒྱལ་མཚན་དང་སྲས་མོ་གཉིས་ལ་གཉེན་སྟོན་རྒྱ་ཆེན་པོ་བྱས། 
རྒྱལ་བོས་རང་གི་རྒྱལ་སྲིད་ཁོང་གཉིས་ལ་གཏད་པ་དང་།རྒྱལ་མཚན་གྱི་ཕ་མ་གཉིས་ཕོ་བྲང་དུ་གདན་དྲངས། དུས་དེ་ནས་བཟུང་ཡུལ་དེར་བཀྲ་ཤིས་ལོ་ལེགས་བྱུང་བ་དང་། གཞན་དོན་སྒྲུབ་ན་རང་དོན་ཞོར་ནས་འགྲུབ་ཅེས་པའི་གཏམ་དཔེ་འདི་བྱུང་བར་གྲགས།།    
 

མཁས་གྲུབ་གྱིས་བསྡུ་སྒྲིག་དང་ལྕགས་མོ་འཚོས་ལེགས་བཅོས་བྱས།

 

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

 

 

Topic: གཞན་དོན་སྒྲུབ་ན་རང་དོན་ཞོར་ནས་འགྲུབ།

No comments found.

New comment