ངའི་མཐོང་ཐོས་མྱོང་གསུམ།

13/11/2011 17:36

 

མཁས་གྲུབ།

༄༅༎ ཁ་ན་ཊ་ནི་རིག་གཞུང་སྣ་ཚོགས་དར་བའི་རྒྱལ་ཁབ་ཞིག་ཡིན་པས། སྐད་རིགས་དང་པགས་མདོག་མི་འདྲ་བའི་མི་རིགས་མང་བོ་འཆམས་མཐུན་ངང་གནས་ཡོད་པ་དང་། རྒྱལ་ཁབ་འདིའི་རྩ་ཁྲིམས་ཀྱིས་མི་རིགས་ཚང་མར་རང་རང་གི་སྐད་དང་རིག་གཞུང་སྲུང་སྐྱོབས་ཀྱི་ཐོབ་ཐང་འདྲ་མཉམ་དུ་སྤྲད་ཡོད་པ་ནི་རྒྱལ་ཁབ་འདིའི་ཁྱད་ཆོས་བླ་ན་མེད་པ་ཞིག་ཡིན། རྒྱལ་ཁབ་འདིའི་ནང་དུ་ལུང་བ་འདྲ་མིན་ནས་ཕེབས་པའི་མི་རིགས་རྣམས་ཀྱིས་རང་རང་གི་སྐད་དང་ཡི་གེ་བཀོལ་སྤྱོད་བྱེད་སའི་སྤྱི་ཚོགས་ཞབས་ཞུ་དང་འབྲེལ་བའི་གཞུང་འབྲེལ་ཚོགས་སྡེ་རེ་བཙུགས་ཏེ་རང་ཉིད་ཀྱི་སྐད་དང་ཡི་གེ ཡུལ་སྲོལ་གོམ་གཤིས་སོགས་རྒྱུད་འཛིན་གྱི་ལས་ལ་གཞོལ་བཞིན་པ་ནི་ཡིད་འགུལ་ཐེབས་པ་ཞིག་དང་མིག་ལྟོས་བྱ་འོས་པ་ཞིག་ཏུ་སྣང་།

 

ང་ཚོ་བོད་མི་སྐྱབས་བཅོལ་བ་རྣམས་ལ་མཚོན་ན། ཁ་ན་ཊའི་ནང་དུ་བསླེབས་ནས་མི་ལོ་བཞི་བཅུ་ཞེ་གྲངས་འགྲོ་བཞིན་ཡོད་ནའང་། བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་སའི་སྤྱི་ཚོགས་ཞབས་ཞུའི་ལས་རིགས་གཉེར་སའི་གཞུང་འབྲེལ་ཡིན་མིན་གྱི་ཚོགས་སྡེ་གཅིག་ཀྱང་ཕལ་ཆེར་འཛུགས་ཐུབ་མི་འདུག་ཅེས་བཤད་ན་རྫུན་དུ་མི་འགྲོ་བར་སེམས།   ཡིན་ནའང་ཁ་ན་ཊའི་ནང་དུ་མཚར་ལོངས་བྱུང་བའི་བུ་ཕྲུག   རང་ལོ་སུམ་ཅུ་དང་བཞི་ཅུར་བསླེབས་ཡོད་པ་ཚོའི་ནང་དུ། བོད་སྐད་བཤད་མི་ཤེས་མཁན་ཧ་ལམ་ཉུང་ཉུང་ཡིན། འོན་གྱང་དེ་ནི་མི་རབས་རྒན་པ་རྣམས་ཀྱིས་འབད་པའི་འབྲས་བུ་ཡིན་པར་འདོད་དོ།

 

འདས་པའི་མི་ལོ་བཅོ་ལྔའི་ནང་དུ་ཁ་ན་ཊའི་ནང་དུ། བོད་མི་སྐྱབས་བཅོལ་བའི་གྲངས་འབོར་འཕེལ་བ་དང་ལྷན།  ཊོ་རན་ཊོ་གྲོང་ཆེར་ཁོ་ནའི་ནང་དུ་ཧ་ལམ་བོད་མི་སྐྱབས་བཅོལ་བའི་གྲངས་འབོར་དྲུག་སྟོང་བདུན་སྟོང་ཙམ་ལ་བསླེབས་ཡོད་པར་གྲགས། བོད་མི་སྐྱབས་བཅོལ་བ་དེ་དག་གི་འཚོ་བའི་ཆ་རྐྱེན་དེ་ཙམ་ཡག་རྒྱུ་མེད་ལ། འཚོ་བ་གཞུང་གི་རོགས་དངུལ་ལ་བརྟེན་ནས་བསྐྱལ་བསྡད་མཁན་ཡང་མང་བོ་ཡོད། འོན་གྱང་། མང་ཚོགས་ཀྱིས་ཤུགས་ཡོད་ཚད་གངས་ལྗོངས་ཆོས་སྡན་གླིང་ཞེས་པའི་བོད་ཀྱི་རིག་གཞུང་རྒྱུན་འཛིན་བྱེད་སའི་ཚོགས་ཁང་ཞིག་འཛུགས་བསྐྲུན་གྱི་བྱ་བར་འདོན་བཞིན་པ་ནི་སྤོབས་སེམས་སྐྱེས་འོས་པ་ཞིག་རེད། ཡིན་ནའང་། གངས་ལྗོངས་ཆོས་ལྡན་གླིང་དུ། འདས་བའི་མི་ལོ་བཅུའི་རིང་དུ་རིག་གཞུང་རྒྱུན་འཛིན་གྱི་ཕྱོགས་ནས་འབད་བརྩོན་གཙོ་བོ་གནང་ས་ནི་ཟློས་གར་ཁྲབ་སྟོན་ཁོ་ན་ཡིན་པ་ལས།  མི་རིགས་ཀྱི་སྲོག་རྩ་དང་རིག་གཞུང་གི་རྨང་གཞི་བོད་ཀྱི་སྐད་ཡིག་བདག་གཅེས་ཀྱི་ཕྱོགས་ནས་མཐུས་ཤོར་ཚབ་ཆེན་སོང་ཡོད་པ་རེད། ཐ་ན་ཟློས་གར་དང་འབྲེལ་བའི་གཞས་ཚིག་རྣམས་ཀྱང་བོད་སྐད་ཀྱི་སྒྲ་དབྱིན་ཡིག་ཐོག་བྲིས་ནས་སློབ་ཁྲིད་བྱེད་བཞིན་པ་ཡོད་པ་རེད།  བྱེད་སྟངས་འདི་ལ་བརྟེན་ནས་བོད་ཕྲུག་འདི་དག་གི་སེམས་ལ་བོད་ཀྱི་ཟློས་གར་སློབ་པ་ལ་བོད་ཡིག་སྦྱོང་མི་དགོས་པའི་འདུ་ཤེས་ངན་པ་ཞིག་བཞག་མེད་དམ་སྙམ།

 

བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་འགའ་རེ་དང་ཕན་པོ་བསྟན་དར་སོགས་མི་རིགས་ལ་ཤ་ཞེན་ཆེ་བའི་དགེ་རྒན་འགའ་རེས་རང་ནུས་ཅི་ལྕོགས་ཀྱིས་གཟའ་སྤེན་པའི་བོད་ཡིག་འཛིན་གྲྭ་ཞིག་ཚོགས་ཀྱི་ཡོད་པ་རེད་མོད།  འཛིན་ཞུགས་སློབ་མའི་གྲངས་འབོར་སུམ་ཅུ་ནས་བཞི་ཅུའི་བར་ཡིན་པ་དང་།  བོད་མིའི་སྤྱི་ཚོགས་ཀྱི་སློབ་མའི་གྲངས་འབོར་བརྒྱ་ཆའི་བཅུ་ཡང་ཟིན་ཐུབ་གྱི་ཡོད་པ་མ་རེད། གནས་སྟངས་འདི་ཁོ་ནས་སྟེང་ནས་ས་གནས་བོད་མའི་སྤྱི་ཚོགས་ཀྱིས་བོད་ཀྱི་སྐད་ཡིག་ལ་འཛིན་པའི་འདུ་ཤེས་དང་།  བོད་མི་རིགས་ལ་ཤ་ཚ་ག་ཚོད་ཡོད་མེད་ཕལ་ཆེར་རྟོགས་ཐུབ་པ་དེ་རེད། 

 

གངས་ལྗོངས་ཆོས་ལྡན་གླིང་ཞེས་པའི་བོད་མིའི་ཆོས་རིག་རྒྱུན་འཛིན་གྱི་ཆེད་དུ་དམིགས་ཏེ་བཙུགས་པའི་ཚོགས་པ་འདི་ལ་མཚོན་ན།  ཕྱི་ནང་གི་བྱེད་སྒོ་དང་འབྲེལ་བའི་རྒྱུན་བཀོལ་ཡིག་རིགས་གཙོ་བོ་དབྱིན་ཡིག་བཟུང་ཡོད་པ་ལས།  བོད་ཡིག་ཐོག་ཏུ་བྲིས་པའི་གཞུང་འབྲེལ་ཡིག་ཆ་ཕལ་ཆེར་ཤོག་ལེབ་གཅིག་གཉིས་རེ་ལས་ཚོགས་པའི་ལོ་རྒྱུས་ནང་ཡོད་པ་མ་རེད་ལ། བོད་ཡིག་བཀོལ་སྤྱོད་བྱ་བཞག་ཐད་འབད་བརྩོན་གྱི་ངལ་བ་ཡང་བྱས་མེད་པ་མ་ཟད། དབྱིན་ཡིག་བྱང་ཆ་ཡོད་པ་དང་བོད་ཡིག་འབྲི་ཀློག་ལ་རྨོངས་བའི་སྤྱི་ཚོགས་ཀྱི་དབུ་ཁྲིད་རྣམས་ཀྱིས། བོད་ཡིག་གི་དགོས་མཁོ་གླེང་མཁན་དང་གལ་ཆེའི་རང་བཞིན་བརྗོད་མཁན་རྣམས་ལ་ཆེ་མཐོང་རྩ་བ་ནས་མི་འཇོག། ཡང་གཅིག་བཤད་ན། བོད་ཡིག་དར་སྤེལ་གྱི་ལས་ཀར་འཇུག་འདོད་མཁན་རྣམས་ལ་མཐུན་རྐྱེན་བསྐྲུན་རྒྱུ་ ལས། སྤྱི་ཚོགས་ནང་བོད་ཡིག་ཀློག་མཁན་མེད་པའི་རྒྱུ་མཚན་དྲངས་ཏེ་ཁོང་རྣམས་ཀྱི་སེམས་ཤུགས་བཅག་པའི་ལོ་རྒྱུས་ཡང་མང་བོ་ཡོད།  མདོར་བསྡུས་ནས་བཤད་ན་འདས་པའི་ལོ་བཅུའི་ནང་དུ་ཊོ་རན་ཊོ་ས་གནས་སུ་ཡོད་པའི་གངས་ལྗོངས་ཆོས་ལྡན་གླིང་ཞེས་པའི་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་འདིས་བོད་ཀྱི་རིག་གནས་ཀྱི་རྨང་གཞི་དོར་ནས་དབྱིན་ཡིག་ཐོག་ཟློས་གར་ཙམ་འཁྲབ་ནས་བསྡད་ཡོད་པ་འདི་ལགས་སོ།

 

ཡིན་ནའང་ཉེ་བའི་ཆར་ས་གནས་བོད་མིའི་སྤྱི་ཚོགས་ཀྱི་སྣེ་ཁྲིད་མཁན་གྱི་རྒྱུན་ལས་ལ་འགྱུར་ལྡོག་ཐེབས་ཏེ། རྒྱུན་ལས་གསར་བའི་ནང་དུ་ལོ་ཆེ་འབྲང་ཆུང་གསུམ་དང་། ཉམས་མྱོང་དང་སློབ་སྦྱོང་གི་རྒྱབ་ལྗོངས་མི་འདྲ་བའི་བོད་མི་སྐོར་གཅིག་འདེམས་ཐོན་བྱུང་སྟེ། ཊོ་རན་ཊོ་ས་གནས་བོད་མིའི་སྤྱི་ཚོགས་ནང་དུ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་གི་འགོ་བརྩམས་ཡོད་པའི་གནས་ཚུལ་འགའ་ཡོད་པ་འདིར་དྲངས་ན། གངས་ལྗོངས་ཆོས་ལྡན་གླིང་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་གསར་བ་ཀུན་བཟང་བསྟན་རྒྱས་ལགས་ཀྱིས་རང་གི་ལས་གྲོགས་གཞོན་སྐྱེས་ཚོར་ནམ་རྒྱུན་བོད་སྐད་བཤད་དགོས་པ་དང་བོད་ཡིག་འབྲི་དགོས་པའི་འབོད་སྐུལ་ཞུས་ཡོད་པའི་གནས་ཚུལ་འདུག།  འདི་ནི་ས་གནས་ཚོགས་གཙོ་ཞིག་གི་ངོས་ནས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱ་དགོས་པའི་འབོད་སྐུལ་གནང་བ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།  དེ་ནས་བོད་མི་ལྷག་བསམ་ཅན་གྲྭ་བསོད་ནམས་འོད་ཟེར་ལགས་ཀྱིས་གངས་ལྗོངས་ཆོས་ལྡན་གླིང་བོད་རིགས་སྤྱི་མཐུན་ཚོགས་པར་སྔར་མེད་བོད་ཡིག་གི་དྲ་ཚིགས་གསར་བ་ཞིག་ཀྱང་བཟོས་ཡོད་པ་རེད། གཞན་བོད་ཀྱི་སྐད་ཡིག་གི་གནས་སྟངས་ལ་ཐུགས་ཁུར་ཡོད་པའི་ས་གནས་བོད་མི་སྐོར་ཞིག་གིས་ཊོ་རན་ཊོ་སློབ་ཆེན་དང་འབྲེལ་བའི་སྐད་ཡིག་ཚོགས་འདུ་ཐེངས་གཉིས་ཚོགས་ཡོད་པ་འདི་ཚོའི་རིགས་ནི་བཟང་ཕྱོགས་ཀྱི་འགྱུར་བ་གསར་བ་ཞིག་ཡིན། རྨོངས་པ་བདག་གིས་ཀྱང་སེམས་མཐུན་གྲོགས་པོ་འགས་རྒྱབ་སྐྱོར་ལ་བརྟེན་ཏེ་གཡག་རྒོད་ཞེས་པའི་བྱིས་པའི་དྲ་ཚིགས་ཞིག་ཟླ་འགའི་སྔོན་ལ་སྒོ་ཕྱེས་ཏེ།  བོད་ཀྱི་སྐད་ཡིག་དང་འབྲེལ་བའི་བྱིས་པའི་སློབ་གསོ་གོང་སྤེལ་གྱི་བྱ་བར་བརྩོན་བཞིན་པའི་ཁུལ་ཡིན་ནའང།  རང་ཉིད་ཡང་སྐད་ཡིག་ལ་ཧུར་བརྩོན་མ་བྱས་པའི་ནག་ཉེས་ཅན་ཞིག་ཡིན་པས། ཁྱེད་ཀློག་པ་བོ་རྣམས་ཀྱིས་ཕྲན་གྱི་རྩོམ་ཐུང་འདིའི་ནང་གི་ཡིག་སྐྱོན་དང་བརྡ་སྤྲོད་དང་འགལ་བའི་རིགས་གསལ་འདོན་ཡོང་བའི་རེ་བ་སེམས་གཏིང་ནས་ཞུའོ།

 

Topic: ངའི་མཐོང་ཐོས་མྱོང་གསུམ།

No comments found.

New comment