ཕ་སེམས་བུ་ཐོགས།བུ་སེམས་རྡོ་ཐོགས།

01/01/2015 12:07

ཕ་སེམས་བུ་ཐོགས།བུ་སེམས་རྡོ་ཐོགས།

སྔོན་ཆད་རྒད་པོ་ཞིག་ལ་བུ་གསུམ་ཡོད། བུ་གསུམ་པོའི་ཨ་མ་ཆུང་དུས་ནས་ཤི་སོང་བས། རྒད་པོས་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ། སོ་ནམ་གྱི་ལས་ལ་བརྩོན་པ་བྱས་ནས་བུ་གསུམ་པོ་བསྐྱངས།

བུ་གསུམ་པོ་ནར་སོན་པ་དང་ཁོང་ཚོ་ལ་ཆུང་མ་རེ་རེ་བླངས་ཏེ་ཁྱིམ་གཞི་རེ་རེ་བཙུགས། བུ་གསུམ་གྱིས་ཕ་རྒན་ལོ་ན་བགྲེས་ཏེ་ལས་ཀ་བྱེད་མི་ཐུབ་པར་གྱུར་སྐབས། ཕ་རྒན་ལ་གཉོར་སྐྱོང་ཡག་པོ་མ་བྱས་པ་མ་ཟད། ཟ་འཕྲོ་དང་འཐུང་འཕྲོ་བླུད་དེ་མནར་གཅོད་བྱས།

རྒད་པོ་འུ་ཐུག་སྟེ། བླ་མ་ཞིག་བོས་ནས་བུ་གསུམ་ལ་རྒྱུ་འབྲས་བཤད་དུ་བཅུག  བླ་མ་ན་རེ། སྔ་དྲོ་ཕ་མའི་རེས། ཕྱི་དྲོ་བུ་ཡི་རེས་ཟེར་བ་ལྟར། ད་ཁྱོད་ཚོས་ཕ་རྒན་གཉོར་སྐྱོང་ཡག་པོ་བྱ་དགོས་ཞེས་ནན་གསུང་བྱས།

དེ་ནས་བུ་རེས་ལོ་རེ་རེས་མོས་བྱས་ནས་གཉོར་བའི་ཐག་བཅད་ཀྱང་། ཅང་མ་འགོར་བར་ཟླ་རེར་ལྷུང་། མཐར་བུ་གསུམ་པོས་ཕ་རྒན་གསོ་མ་འདོད་པར་སྒོའི་ཕྱིར་ཕུད་དེ། རྒད་པོས་སློང་མོའི་འཚོ་བ་རོལ་དགོས་ཐུག་པ་རེད།

མཚོན་མོ་ཞིག་ལ། རྒད་པོ་གད་སྐྱིབས་ཤིག་ཏུ་ཉལ་ནས་ཡོད་དུས། ལམ་འགྲོ་བ་ཞིག་ཡོང་ནས་རྒད་པོ་ལ་གནས་ཚང་གཡར། རྒད་པོས་ཡིན་དང་ཡིན། འོན་ཀྱང་འདི་འདྲའི་གད་སྐྱིབས་ཕག་ཚང་འདྲ་བ་ཞིག་གི་ནང་ཁྱོད་རང་བསྡོད་ག་ལ་རུང་ཞེས་བཤད།
ལམ་འགྲོ་བ་དེས། ཁྱེད་རང་སྡོད་རུང་ན། ང་ཅི་ལ་མི་རུང་ཞེས་བཤད་དེ་དེར་བསྡད་དོ།

མཚན་དེར་ཁོང་གཉིས་ཀྱིས་ཁ་བརྡ་མང་བོ་བྱས་པ་དང་། རྒད་པོས་རང་སེམས་ཀྱི་སྡུག་བསྔལ་ཚང་མ་ལམ་འགྲོ་བ་དེར་བཤད། ལམ་འགྲོ་བའི་སེམས་ལ་སྙིང་རྗེ་ཚད་མེད་སྐྱེས་བ་དང་། རྒད་པོ་ལ། གལ་ཏེ་ཁྱོད་ཀྱིས་ངའི་སྐད་ཆ་ཚིག་གཅིག་ལ་ཉན་པ་ཡིན་ན། རྗེས་མར་ཁྱོད་ཀྱིས་སྡུག་མྱོང་མི་དགོས་པ་ངས་ཁག་ཐེག་བྱེད་ཆོག་ཅེས་བཤད། རྒོད་པོས་ལམ་འགྲོ་བའི་ཚིག་ལ་ཉན་རྒྱུ་ཁས་ལེན་བྱས།

ལམ་འགྲོ་བ་ན་རེ། དེ་ན་ཁྱེད་ཀྱིས་རྡོ་འདི་གོས་ཆེན་ཞིག་གིས་བཏུམས་ཏེ། སྒམ་ཆུང་ཞིག་གི་ནང་དུ་ཆུགས་ལ་སྡོད་དང་། ཉིན་འགའ་འགོར་རྗེས་སུ། ང་དེ་ཉོ་བར་ཡོང་། ཁྱོད་ཀྱིས་རིན་གོང་གཏམ་ཚེ་རིན་གོང་ཧ་ཅང་མཐོན་པོ་བཤད་དགོས་ཞེས་ངག་བཅོལ་བྱས།

ཕྱི་ཉིན་གྲོང་བའི་ནང་དུ། ལམ་འགྲོ་བ་དེ་སླེབས་ཏེ། སྐད་གསང་མཐོན་པོས། ང་རེན་པོ་ཆེ་ཉོ་མཁན་ཡིན། གལ་ཏེ་མི་སུ་ལ་རིན་པོ་ཆེ་ཡོད་ན་ཁྱེར་ཤོག་ཅེས་བཤད། དེ་ནས་མི་མང་པོ་རིན་པོ་ཆེ་བཙོང་དུ་ཡོང་། རྒད་པོའི་བུ་གསུམ་པོ་ཡང་དེར་ཐོན་པ་དང་།
སྔར་ནས་དེར་བསྡད་ཡོད་པའི་རྒད་པོའི་ལག་གི་སྒམ་ཆུང་ཁ་ཕྱེ་སྟེ། ཡ་མཚན་པའི་རྣམ་འགྱུར་དང་བཅས་ཏེ། ཨ་ཙི་ཙི། ངས་རིན་པོ་ཆེ་འདི་འདྲ་མཐོང་བ་ཐེངས་དང་པོ་ཡིན་ཞེས་ལབ།

དེ་ནས་ལམ་འགྲོ་བ་ན་རེ། ཡ་རྒད་པོ། རིན་པོ་ཆེ་འདི་ལ་དངུལ་སྒོར་ཁྲི་གཅིག་བྱིན་ན་ཅི་འདྲ་འདུག་ཅེས་དྲིས་པར། རྒད་པོས་ཁོང་དགོད་ཅིག་བྱས་ནས། རིན་པོ་འདི་ངའི་ཕ་མེས་ཀྱིས་བཞག་པའི་གཅེས་ནོར་ཡིན་པས། ངས་བཙོང་མི་འོས་མོད། འོན་ཀྱང་གྲང་བ་དགུན་གྱིས་དེད། ལྟོགས་པ་ཟས་ཀྱིས་དེད་ཟེར་བ་ལྟར། ད་མི་བཙོང་ཀ་མེད་བྱུང་།ཡིན་ནའང་རིན་གོང་དེ་འདྲ་ཞིག་ལ་བཙོང་འདོད་མེད་ཅེས་བརྗོད་ཞོར་སྒམ་ཆུང་ཁྱེར་ནས་འགྲོ་རྩིས་བྱས།

ལམ་འགྲོ་བ་དེས་རྒད་པོའི་ལག་པར་འཇུས་ཏེ། དེ་ན་ང་ཕྱིར་དངུལ་ལེན་དུ་སོང་ནས། མགྱོགས་པོར་ཕྱིར་ཡོང་ངེས་ཡིན་པས། རིན་པོ་ཆེ་འདི་གཞན་ལ་མ་བཙོང་རོགས་ཞེས་བཤད་པ་དང་། རྒད་པོས་ཀྱང་དེ་ལྟར་ཁས་བླངས།  གནས་ཚུལ་དེ་སྡེ་མི་གཅིག་གིས་གཅིག་ལ་བཤད་ནས་རླུང་ལྟར་གྲགས་སོ།

དེ་ནས་བུ་གསུམ་པོས་རྒད་པོ་གཉོར་བར་རྩོད་པ་བྱས་ནས་མ་མཐུན་པར། སྡེ་བའི་ནང་གི་མི་རྒན་པ་རྣམས་ཀྱིས། སྔོན་བླ་མའི་བཀའ་སློབ་ལྟར། བུ་ཆེ་བ་ནས་མགོ་བཟུང་སྟེ་བུ་རེ་རེས་ལོ་རེ་རེར་ཕ་རྒན་གཉོར་སྐྱོང་བྱས་ན་བཟང་ཚུལ་གྱི་དྲན་སྐུལ་བྱས་པས་ན། གྲོས་འཆམས་བྱུང་བ་དང་། བུ་ཆེ་བ་ནས་མགོ་བཙུགས་སྟེ། ཕ་རྒན་ལ་ཟས་གང་ཞིམ་དང་གོས་གང་འཇམ་ཕུལ་ནས་ལོ་གཅིག་གཉོར་སྐྱོང་བྱས།

ཕྱིར་ལོའི་ལོ་མཇུག་ཏུ། བུ་འབྲིང་བ་རང་འགུལ་གྱི་སྒོ་ནས་ཨ་ཕ་བསུ་བར་ཡོང་བ་མཐོང་ནས། བུ་ཆེ་བས། ཨ་ཕ། ཁྱེད་ད་དུང་ངའི་ཁྱིམ་དུ་བཞུགས་དང་། ངས་ཁྱེད་ལ་གཡོག་གང་ལེགས་བྱེད་ཅེས་བཤད་མཚམས་དེར། བུ་འབྲིང་བ་བྲེལ་འཚུབ་ལངས་ཏེ། ཕོ་རབ་ཚིག་ཐོག་དང་འཕར་བ་རྗེས་ཐོག་ཡིན་དགོས་ཞེས་བཤད་ཞོར་དུ། ཕ་རྒན་ཁུར་ཏེ་འགྲོ་བར་བརྩམས་པ་ན། བུ་ཆུང་བ་དེར་ཡོང་ནས་བུ་འབྲིང་བའི་ལམ་བཀག

ཕུ་བོ་ཁྱོད་ཀྱི་ཁང་བ་ཤིན་ཏུ་དོག་པས། ངེད་ཚང་ལ་སོང་ན་ཨ་ཕ་སྐྱིད་པོ་ཡོང་ངེས་པས། གཏོང་རོགས་ཞེས་བཤད་དེ་ཕ་རྒན་གྱི་ལག་པ་ནས་འཐེན། སྐབས་དེར་བུའི་མནའ་མ་གསུམ་པོ་ཡང་ཡོང་ནས་ཕ་རྒན་གཉོར་བར་ཁ་རྩོད་བྱས། དེ་ལྟར་ཁོ་ཚོ་གཅིག་ལས་གཅིག་ལྷག་པའི་ངང་ནས་ཕ་རྒན་གཉོར་ནས་ལོ་འགའ་སོང་རྗེས། ཕ་རྒན་དེ་དུས་ཀྱི་མཐའ་མར་གྱུར།

དེ་མ་ཐག་བུ་གསུམ་པོས་སྒམ་ཆུང་འཕྲོག་རེས་བྱས། གཅིག་གིས་མི་གཏོང་ན་གཅིག་གིས་མི་གློད་ཅིང་། ཆག་སྒོ་སློང་ཉེན་ཡོད་སྟབས། སྐབས་དེར་སྡེ་མི་ཚོས་ཁོ་ཚོའི་བར་བཀག་སྟེ་ན་རེ། ཁྱོད་ཚོས་ཕ་རྒན་ལ་འདས་མཆོད་བཟང་བོ་བསྒྲུབས་རྗེས།
རིན་པོ་ཆེ་དེ་བཙོངས་ནས་དངུལ་མང་ཉུང་མེད་པར་བགོས་ན་ག་འདྲ་འདུག་ཅེས་དྲིས་པར། ཁོ་ཚོས་དེ་ལྟར་བྱེད་པར་གྲོས་འཆམས།

དེ་ནས་ཁོ་ཚོར་མྱུར་བར་འདས་མཆོད་བསྒྲུབས་རྗེས། མི་བློས་འཁེལ་བ་ཞིག་བཙལ་ནས་སྒམ་ཁ་འབྱེད་དུ་བཅུག་པར། སྒམ་ནང་དུ་རྡོ་ལོག་ཅིག་ལས་ཅི་ཡང་མེད་པ་རེད། སྐབས་དེར་རིན་པོ་ཆེ་ཉོ་མཁན་གྱི་མི་དེ་ཡང་སླེབས་འདུག་པས། ཁོས་ཤིན་ཏུ་ཕངས་པའི་ངང་ནས། འོ། ད་འཕྱིས་སོང་། ཁྱོད་ཚོས་ཕ་རྒན་ལ་སེམས་གཏིང་ནས་གཅེས་འདོད་མེད་པར། ཁོང་གི་ལག་ཏུ་ཡོད་པའི་རིན་པོ་ཆེ་ཁོ་ནར་སེམས་ཤོར་བ་ཡིན་པས། རིན་པོ་ཆེ་དེ་ཡིད་མུག་ནས་རྡོ་རུ་གྱུར་བ་རེད། ཅེས་ཤུགས་རིང་ནར་ནར་དུ་འདོན་བཞིན་
བསྡད་པས། སྤུན་གསུམ་པོ་ཡང་མགོ་བོ་སྨད། ཕྲག་པ་གློད། སེམས་ཕམ་ནས་བསྡད་དོ།།

  • ལྕགས་མོ་འཚོས་ལེགས་བཅོས་བྱས། 
  • གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག