ཕྱུག་པོས་རྐུ་བྱས་པ།

25/12/2014 10:33

སྔོན་མ་ཞིག་ལ་དབུལ་པོ་མ་བུ་གཉིས་ཡོད། བུ་ཡིས་ཕྱི་ནས་གཡོག་ལས་བྱས་ཏེ་མ་བུ་གཉིས་ཀྱི་ཁ་གསོ་ཐབས་བྱས། བུ་དེ་ལོ་ཆུང་ནའང་རིག་པ་གསལ་བས། སྡེ་མི་རྣམས་ཁོ་ལ་ཤིན་ཏུ་དགའ། སྡེ་བ་དེ་དང་ཐག་མི་རིང་བའི་ས་ན་ཕྱུག་པོ་ཞིག་ཡོད། ཕྱུག་པོ་དེ་རྐུན་མ་ཞིག་ཡིན་པ་དང་། གོ་སྐབས་གང་ཡོད་ལ་རྐུ་བྱེད་བཞིན་ཡོད།

ཉིན་ཞིག་ཕྱུག་པོ་དེས་བུ་དེ་ལ། ཡ་གསར་བུ། ངེད་གཉིས་ཤག་པོ་བྱས་ན་ཇི་འདྲ་རེད། ཅེས་ལབ། བུ་དེས་ཁོའི་ཀུན་སློང་ངན་པ་དེ་རྟོགས་ནའང་། ཁ་ནས། དེ་འགྲིག་གི་རེད།ཅེས་ལན་བཏབས། ཕྱུག་པོ་དེས། དེས་ན་ང་སང་ཉིན་ཁྱེད་ཀྱི་ནང་དུ་ཡོང་ངེས་ཡིན་ཞེས་ལབ་པར། བུ་དེས་ཕེབས་དང་། རྨ་བྱ་ནགས་ཀྱི་རྒྱན་ཡིན། མགྲོན་པོ་ཁྱིམ་གྱི་རྒྱན་ཡིན་ཞེས་བཤད་ཞོར་ནང་ལ་ཕྱིན་སོང་།

བུ་དེ་ཁྱིམ་ལ་སླེབས་པ་དང་། ག་ས་ག་ནས་ལྕགས་རིགས་བཏུས་ཏེ་སླེ་བོ་ཞིག་གི་ཁ་བཀང་ནས་བཞག ནུབ་མོ་དེར། ཕྱུག་པོ་དེ་མ་བུ་གཉིས་ཀྱི་ཁྱིམ་དུ་མགྲོན་ལ་ཡོང་། བུས་མགྲོན་པོར་སྣེ་ལེན་བྱེད་སྐབས། མ་རྒན་གྱིས་སླེ་བོའི་ནང་གི་ལྕགས་རིགས་ཡར་བསལ་མར་ལེན་བྱས་པས། སིལ་སྒྲ་གྲགས་པ་ནི་དོང་ཙེ་བརྩི་བ་དང་འདྲ་བར་བྱས། ཕྱུག་པོ་དེས། ཁྱེད་ཚང་གི་ཁང་བའི་ཕུག་ན་ཅི་བྱེད་ཀྱིན་ཡོད། ཅེས་དྲིས་པར། བུ་དེ་ན་རེ། ངའི་ཨ་མར་དོང་ཙེ་བརྩི་བར་དགའ་བའི་གོམས་གཤིས་ཤིག་ཡོད། ཁྱེད་དགོངས་པ་མ་ཚོམ། ཕྱུག་པོ་ན་རེ། ཨ་ལེ། དེ་འདྲ་ཡིན་ན་ཅི་སྐྱོན། ང་སུན་གྱི་མེད་ཅེས་ཟེར།

གསར་བུ་དེ་ཕུག་ཁང་ལ་སོང་ནས་གསེར་གྱི་དོང་ཙེ་གཅིག་ཁྱེར་འོངས་ནས་ཕྱུག་པོ་དེ་ལ་བྱིན་ཏེ། ཡ་གྲོགས་པོ། གསེར་གྱི་དོང་ཙེ་འདི་ཁྱེད་ལ་འཚམས་རྟགས་སུ་ཕུལ་བ་ཡིན། ཁྱེད་ལ་ཐུགས་སུན་པོ་བཟོས་སོང་། དགོངས་པ་མ་ཚོམ་ཞེས་བཤད། དོན་དངོས་སུ་ཁོ་ཚང་ལ་གསེར་གྱི་དོང་ཙེ་དེ་གཅིག་པུ་ལས་མེད།


ཕྱུག་པོ་དེས་གསེར་གྱི་དོང་ཙེ་མཐོང་བ་ན། ཡིད་ལ་གནག་སེམས་སྐྱེས་ཏེ། ཨ་ཙི། ཁྱེད་ཚང་ལ་བཀའ་དྲིན་ཆེ་ཞེས་ཕྱིར་ལ་ལོག་པའི་ལམ་བར་དུ་སེམས་ལ། ཨ་ལ་ལ། ཁྱིམ་ཚང་དེར་ཇི་འདྲའི་དངུལ་སྒོར་མང་བོ་ཞིག་འདུག  རང་དགར་གསེར་གྱི་དོང་ཙེ་རེ་འཚམས་རྟགས་ལ་སྟེར་གྱིན་འདུག   དོ་ནུབ་འདི་ཚང་ལ་རྐུ་བྱེད་དགོས་བསམ།

ཕྱུག་པོ་དེ་སོང་རྗེས། མ་རྒན་མས། བུ་ཁྱོད་གླེན་པ་རེད། ངེད་གཉིས་ལ་གསེར་གྱི་དོང་ཙེ་གཅིག་ཡོད་པ་དེ་ཕྱུག་པོ་དེར་བྱིན། ད་ངེད་མ་སྨད་གཉིས་ཀྱིས་ག་རེ་བྱེད་དགོས་ཞེས་ལེ་བདའ་བྱས། བུ་ན་རེ། ཨ་མ། སེམས་འཕྲལ་མ་གནང་། དོང་ཙེ་གཅིག་བོར་ན། དོང་ཙེ་དགུ་ཐོབ་ངེས་རེད་ཅེས་ཀུ་རེ་བྱས།

ས་རུབ་རྗེས། མ་བུ་གཉིས་ཀས་སྒུག་ནས་བསྡད་པ་དང་།ནམ་གུང་ཙམ་ལ། ཕྱུག་པོ་དེ་རྐུ་བྱེད་དུ་སླེབས་་འོང་། ཁོས་གྱང་ལ་ཁུང་བུ་ཞིག་བརྐོས་ནས་ནང་དུ་འཛུལ། ཁོའི་མགོ་ནང་ལ་འཛུལ་མ་ཐག་ཏུ་བུ་དེས་རྐུན་མའི་གཉའ་ནས་མནན་ཏེ། ཨ་མ། ཡ་འདིར་ཤོག་དང་། ངས་རྐུན་མ་བཟུང་ཡོད་ཅེས་སྐད་བརྒྱབ།

ཨ་མས་སྒྲོན་མེ་ཁྱེར་འོང་ནས་བལྟས་ཏེ། མ་བུ་གཉིས་ཧང་སངས་ཁུལ་བྱས་ཏེ་ན་རེ། ཨ་ཁ་ཁ། ངའི་གྲོགས་པོ་གསར་བ། ཁྱོད་ཡིན་ནམ། ཁྱོད་ག་རེ་བྱེད་དུ་ཡོང་བ་ཡིན། ངས་ཉིན་དཀར་ཁྱེད་ལ་གསེར་གྱི་དོང་ཙེ་བྱིན་ན། ནུབ་མོར་ཁྱོད་ང་ལ་རྐུ་བྱེད་དུ་འོང་དོན་ཅི་ཡིན་ཞེས་དྲིས། ཕྱུག་པོས་གདོང་ལག་པས་བཀབ་ནས་སྨྲ་བ་མེད་པར་གནས་སོ།

བུ་དེས་ཡང་བསྐྱར། ཡ་མི་ངན། དེས་ན་ངས་ཁྱོད་དཔོན་པོར་རྩིས་སྤྲད་དེ་ཉེས་ཆད་གཅོད་དུ་འཇུག་ངེས་ཞེས་འཇིགས་སྐུལ་བ་ན། ཕྱུག་པོ་ན་རེ། གྲོགས་པོ་ལགས། ངས་ག་རེ་བྱེད་དགོས་ན་བྱེད་ཆོག  དཔོན་གཞུང་ལ་མི་གཏུག་པར་མཁྱེན་ཞེས་ཞུ་བ་བྱས།

བུ་དེས། མི་དགོས། ང་ལ་གསེར་གྱི་དོང་ཙེ་སྟོང་སྤྲད་ཀྱང་། ཁྱོད་ཀྱི་ཉེས་པ་དག་ཐབས་མེད།དེ་མ་ཟད་ད་ནས་མི་གཞན་ལ་རྐུ་མི་བྱེད་པའི་དམ་བཅའ་འཇོག་དགོས་ཞེས་བཤད་པ་ན། ཕྱུག་པོ་དེས་མ་བུ་གཉིས་ལ་གསེར་གྱི་དོང་ཙེ་སྟོང་གཉིས་སྤྲད་པ་དང་། ཕྱིན་ཆད་རྐུ་མི་བྱེད་པའི་མནའ་བོར། 

  • ལྕགས་མོ་འཚོས་ལེགས་བཅོས་བྱས། 
  • གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག

Topic: ཕྱུག་པོས་རྐུ་བྱས་པ།

best place to buy generic cialis online rain

AFrauckcica | 18/06/2020

<a href="https://cialisle.com/">cialis online no prescription</a>

New comment