བོད་དུ་ཇ་དང་དཀར་ཡོལ་བྱུང་བའི་གཏམ་རྒྱུད།

27/07/2011 15:15

 ༄༅།། དེ་ཡང་རླུང་ནམ་འཕྲུའ་གྱི་རྒྱལ་བོ་ནི་ཆུ་མོ་བྱའི་ལོས་འཁྲུངས་ཏེ་དགོང་ལོ་ཉེར་དགུ་བ་ལ་རྒྱལ་སྲིད་བཟུང་། དུས་ནམ་ཞིག་གི་ཚེ།  རྒྱལ་བོར་སྙུང་གཞི་དྲག་པོ་ཞིག་འཐེབས་པའི་ཚེ།  བོད་ན་སྨན་སྤྱད་གཞུང་བཞིན་ཤེས་མཁན་ནི་དཀོན། ཟས་དང་། སྤྱོད་ལམ་ལ་བརྟེན་པ་ཙམ་ཡོད་པས། སྐུ་འཚམས་པོར་བཞུགས་ཡོད་པའི་སྐབས་དེར། ཕོ་བྲང་གི་ཕུ་ཤུའི་ཟུར་ན།  བྱ་ཡིད་དུ་འོང་ཞིང་སྔར་མ་མཐོང་བ་གཅིག་གིས་ཁ་ལ་ཤིང་བུ་ལོ་འདབ་བཅས་པ་ཉུང་ཤོས་ཤིག་ཁྱེར་ནས།  སྐད་སྙན་སྒྲོག་གིན་འདུག་པ་རྒྱལ་པོས་གཟིགས། སང་ནང་ཉི་ཤར་གྱི་མཚམས་སུའང་དེ་བཞིན་འདུག་པར། རྒྱལ་བོ་ཐེ་ཚོམ་སྐྱེས་ཏེ་གཟིགས་ནས་ཤིང་དེ་རྣམས་བཞུགས་མལ་དུ་བཅུག་པས། སྔར་མེད་ཀྱི་ཤིང་དུ་འདུག་ཅིང་།  ཤིང་དེའི་སྣེ་མོ་ཞལ་དུ་བཅུག་ནས་བྲོ་བ་མྱངས་པས། དེས་ཞལ་སྐོམ་པ་སོས།  བཏུང་བའི་མཆོག་ཏུ་མངོན་ནས་ན་རེ། ད་ཁྱོད་བློན་པོ་རྣམས་ཉོན་ཅིག   ང་ན་བའི་སྐབས་འདིར།  གང་ཞུམ་གྱི་བཟའ་བཏུང་ཅི་ཡང་མི་འདོད།  བྱས་ཁྱེར་བའི་ཤིང་འདི་བཏུང་བའི་མཆོག་དང་།  ལུས་ཀྱི་གསོས།  ནད་ཀྱི་སྨན་དུ་འདུག་པས།  ང་ལ་གློ་བ་ཉེ་བ་རྣམས་ཀྱིས་ཤིང་འདི་ལྟ་བུ་གང་ན་འདུག་པ་བཙལ་དུ་སོང་ཞིག   སུས་རྙེད་ན་དེར་བྱ་དགའ་ཆེན་པོ་སྟེར་ངེས་ཡིན་ཞེས་གསུང་།

 

བློན་དབངས་ཐམས་ཅད་ཀྱིས་བོད་ཡུལ་གྱི་ས་ཆ་སྟོད་སྨད་བར་གསུམ་ཀུན་ཏུ་ཤིང་དེ་བཙལ་ཡང་མ་སྙེད། བློན་པོ་རྒྱལ་བོ་གཅིག་པུ་ལས་བསམ་རྒྱུ་མེད་པ་ཞིག་བོད་ཀྱི་ས་མཐར་འཁྱམས་འཁྱམས་པས། ཉིན་མོར་ཡང་སྨུག་ལོང་གིས་ཉི་འོད་གཡོགས་པའི་ནགས་ཀློང་སྟུག་པོ་ཞིག་ཡོད་པ་མཐོང་སྟེ།  ནགས་གསེབ་གན་ན་ཤིང་བུ་དེ་ངེས་པར་ཡོད་རྒྱུད་རེད་སྙམ་ནས་ཕྱིན་པས། ནགས་དེའི་ཚུར་རོལ་ན་ཆུ་ཆེན་པོ་ཞིག་འདུག་པས།  ཆུ་ཁ་ཞེང་ཆེ་བ་མ་གཏོགས་གཏོང་ལ་མི་ནུབ་པར་འདུག་པ་ཤེས་ཏེ་སེམས་དགའ་ནས་དེའི་རྗེས་ལ་བརྒལ་ཏེ། ནགས་གསེབ་ཏུ་སླེབས་པ་དང་། ནགས་ཚལ་དེ་ཕལ་ཆེ་བ་བྱ་དེས་ཁྱེར་ཡོང་བའི་ཤིང་བུ་དེ་ཡིན་པས། ཤིང་དེ་རྒྱབ་ལ་ཁུར་བོ་གཅིག་ཁུར། ཡང་བསམ་བློ་ཕྱི་མ་ལ། རྒྱལ་བོའི་སྐུ་སྙུང་དྲག་པར་ཤིང་བུ་འདི་ཕན། འདི་ས་ཐག་རིང་བས་ད་ལན་འཁུར་བའི་གྲོགས་སམ་ཁལ་མ་གཅིག་ཡོད་ན་ཅི་མ་རུང་སྙམ་པའི་སྐབས་དེར། ཤ་བ་ཞིག་མི་འཛེམས་པར་གམ་དུ་སླེབས་བྱུང་བས།  འདི་ལ་ཁལ་འགེལ་རུང་ངམ་སྙམ་ནས་འགེལ་གྲབས་བྱས་པ་ན། ཇི་ལྟར་འདོད་པ་བཞིན་འགྲུབ་ནས། ཤིང་བུ་དེ་ཤ་བར་ཁལ་གཅིག་བཀལ་བ་དང་། ཁོས་ཁུར་བོ་གཅིག་ཁུར་ནས་ལན་ལམ་བར་དུ་ཉིན་ཞག་ཟླ་བའི་བར་ལ་སོང་ནའང་ཤ་བས་ཀྱང་ཁུར་ནས། བོད་རྒྱལ་བོའི་ཕོ་བྲང་མཐོང་སར་བསྐྱལ་ལོ།།

དེ་ནས་ཤིང་བུ་རྒྱལ་བོའི་སྤྱན་སྔར་ཕུལ་བས། རྒྱལ་བོ་ཤིན་ཏུ་དགྱེས་ནས་བྱ་དགའ་རྒྱ་ཆེན་པོ་བསྩལ་ཏེ། སྐུ་སྙུང་སོས་པ་ལའང་ཕན་ཐོག་བྱུང་ངོ་། དེ་ནས་རྒྱལ་བོའི་ཞལ་ནས། འདི་ནི་བཏུང་བའི་མཆོག་ཏུ་འདུག་པས། འདི་འཐུང་བའི་སྣོད་ཀྱང་སྔར་ཡོད་ཀྱི་གཟི་མཆོང་དང་གསེར་དངུལ་ལ་སོགས་རིན་པོ་ཆེའི་སྐྱོགས་འདི་རྣམས་མ་ཡིན་པའི་སྔར་མེད་ཀྱི་སྣོད་ཅིག་བཙལ་དགོས་པར་འདུག་པས། དེ་ཡང་རྒྱ་ནག་རྒྱལ་བོ་ལ་དཀར་ཡོལ་ཟེར་བ་ཞིག་ཡོད་འདུག་པ་ཉོས་ལ་ཤོག་ཅིག་ཅེས་གསེར་ཡིག་པ་བཏང་སྟེ། རྒྱའི་དཀར་ཡོལ་བཟོ་མཁན་བོད་དུ་གདན་དྲངས་པ་དང་། ཇ་འཐུང་བའི་སྣོད་དུ་རྒྱ་ནག་ལ་མེད་པའི་རིན་པོ་ཆེའི་དཀར་ཡོལ་མང་བོ་བཟོས་པར་གྲགས་སོ།