བློ་གྲོས་དང་ཤེད་ཤུགས།

03/07/2011 10:48

 

 ༄༅།།གནའ་སྔ་མོར་ས་ཆ་ཞིག་ན་མི་ཧ་ཅང་ཤེད་ཤུགས་ཅན་ཞིག་ཡོད་པ་དེས། འབངས་མི་སེར་དང་གཉོམ་ཆུང་བ་རྣམས་ལ་དུས་རྒྱུན་དུ་ཐུབ་ཚོད་བྱེད་བཞིན་པའི་གཏམ་དེ་ཨ་ཁུ་བསྟན་པའི་རྣ་ལ་ཕོག་པས།  ཁུ་བསྟན་པས་སྡུག་རྒན་དེ་ངེས་པར་དུ་འདུལ་དགོས་སྙམ་ནས། ལམ་བྲོ་ཏོག་ཙམ་བཟུང་ཏེ་མི་ཤེད་ཤུགས་ཅན་སྡོད་པའི་ཡུལ་དེར་བསྐྱོད་དོ།།

         ཨ་ཁུ་བསྟན་པ་ཡུལ་དེར་སླེབས་པའི་ཕྱི་ཉིན་གྱི་སྔ་དྲོར། མི་ཤེད་ཤུགས་ཅན་དེ་ཡོད་སར་སོང་ནས་རྩལ་འགྲན་པའི་དུས་ཆད་བྱས། ཡུལ་མི་རྣམས་ཀྱིས་གནས་ཚུལ་དེ་ཐོས་ནས། འཚང་ཁ་ཤིག་ཤིག་གིས་མི་ཤེད་ཤུགས་ཅན་དེ་ཚང་གི་སྦྲ་མཐའ་བསྐོར་ནས་བསྡད།

རྩལ་འགྲན་ལ་ཉེ་བའི་སྔོན་དུ་ཨ་པུ་བསྟན་པ་ན་རེ། གལ་ཏེ་ངེད་གཉིས་ལས་སུ་ཞིག་ལ་སྲོག་སྐྱོན་བྱུང་ན་ཅིག་ཤོས་ལ་འབྲེལ་བ་མེད་ཅིང་། སུ་ཕམ་ཁ་བྱུང་ན་དེས་ཅིག་ཤོས་ཀྱི་བྲན་བྱས་ནས་སྐད་ཆ་གང་བཤད་ལ་ཉན་དགོས། ཞེས་ཆ་རྐྱེན་ཁ་ཤེས་བཏོན་པ་ན། མི་ཤེད་ཤུགས་ཅན་དེ་ཡང་ཡིད་འཐད་ནས། ཤོག་བུར་ཡིག་ཆུང་བྲིས་ཏེ་འཛུབ་ཐེལ་མནན་པར་མ་ཟད། མི་ཚོགས་ལས་བར་བ་བཙལ།

 དུས་དེར་ཨ་ཁུ་བསྟན་པས་འབྲེང་བ་སྤོམ་ཞིང་རིང་བ་གཉིས་ཁྱེར་འོངས། མི་ཤེད་ཤུགས་ཅན་དེས་གང་འདི་མ་ཤེས་པར་དངངས་སྐྲག་དང་བཅས་ཏེ། འདི་ཅི་རེད། ཁྱོད་ཀྱིས་ང་ལ་ལྕེབས་ཐག་བྱིན་པ་མིན་ནམ། ཞེས་དྲིས་པར། ཨ་ཁུ་བསྟན་པ་ཧ་ལས་པའི་ཚུལ་གྱིས། ཨ་ཙི། ཁྱོད་འདྲ་བའི་རྩལ་ཆེན་ཡིན་ཟེར་མཁན་ཞིག་གིས་འཇུ་རེས་ཀྱང་རྒྱག་མི་ཤེས་སམ། ཨ་་ཨ་་ངོ་མ་ཡངས་པའི་རྒྱལ་ཁམས་མ་མཐོང་བའི། ས་མཐའི་བླུན་པོ་རང་མཐོང་ཆེ། ཟེར་བ་ནི་ཅིས་མ་བདེན། ཧ་ཧ། ང་གནམ་འོག་གི་རྩལ་ཆེན་འཇུ་རེས་བྱས་པའི་འགྲན་བསྡུར་གང་གི་གང་ཆེ་ཚང་མར་མ་ཞུགས་པ་གཅིག་ཀྱང་མེད། འོན་ཀྱང་ཁྱོད་འདྲ་འདྲའི་སྐེ་རགས་ཀྱང་བཅིངས་མི་ཤེས་པའི་སྡར་མ་ཞིག་གིས་ངའི་འགྲན་ཟླ་ག་ལ་འོངས། ཁྱོད་ཀྱི་ཚུགས་ཀར་བལྟས་ན་ང་རང་ངོ་ཚ་བར་འདུག་ཅེས་སྨས་པ་ན།

 

མི་ཤེད་ཤུགས་ཅན་དེའི་སེམས་ལ། མི་འདིས་དང་བོར་ང་བཙལ་ནས་ཡོང་ཚུལ་དང་། བར་དུ་ཕན་ཚུན་སྲོག་སྐྱོན་བྱུང་ན་འགན་མི་འཁུར་བ། ད་ལྟ་ཡང་འབྲེང་བས་སྐེ་རགས་བཅིངས་ནས་འགྱིངས་ཤིང་ཁ་ཕོ་ཆེ་བ་ཞིག་ཡིན་ཚུལ་ཕྱོགས་གང་ནས་བལྟས་ན། ཁོ་དངོས་གནས་གནམ་འོག་གི་མི་ཤེད་ཤུགས་ཅན་ཞིག་ཡིན་རྒྱུ་རེད་བསམ་ཤིང་། ཁོའི་མིག་ལམ་དུ་ཨ་ཁུ་བསྟན་པའི་གཟུགས་སྟོབས་ཀྱང་གློ་བུར་དུ་ཆེ་རུ་རྒྱས་ཤིང་དཔུང་བའི་ཤ་རྡོ་ནི་བྲག་རི་ལྟར་བརྗིད་པ་འདྲ་བའི་སྣང་བ་ཞིག་ཤར་ནས། འགྲན་ག་ལ་ཕོད་དེ་འབྲོ་ཡང་མི་ཐུབ་པར་མགོ་བོ་ཐུར་དུ་སྒུར་ནས་བསྡད་དོ།