མ་མོ་མ་བུ་གསུམ་དང་སྤྱང་ཀི

03/07/2017 09:49
མ་མོ་མ་བུ་གསུམ་དང་སྤྱང་ཀི
 
 ༄༅ །། མ་མོ་མ་བུ་གསུམ་ལྷ་སར་འགྲོ་བའི་ལམ་བར་དུ་སྤྱང་ཀི་ཞིག་ལ་ཐུག  སྤྱང་ཀིས་ཁོང་ཚོ་ཟ་གྲབས་བྱེད་སྐབས། མ་མོ་མ་བུ་གསུམ་གྱིས་ང་ཚོའི་ཨ་མྱེས་གྲོངས་སོང་བར་བརྟེན་ལྷ་ས་རུ་མཆོད་འབུལ་བྱེད་དུ་འགྲོ་མཁན་ཡིན། ད་ཐེངས་ང་ཚོ་ཚེ་ཐར་ལ་གཏོང་རོགས་ཞེས་ཞུ་བ་བྱས།
 
སྤྱང་ཀིའི་སེམས་སུ་ཨ་མྱེས་ཀྱི་ཆེད་དུ་ལྷ་སར་མཆོད་འབུལ་བྱེད་དུ་འགྲོ་ལུགས་ལ་བལྟས་ན། ཁོང་ཚོ་ཁྲེལ་མེད་རེ་མིན་ཚོད་རེད་སྙམ་ནས། ད་ཐེངས་ཁྱེད་ཚོ་ཚེ་ཐར་ལ་གཏོང་ཆོག ཡིན་ན་ཡང་། ལམ་བར་ནས་རྩྭ་གང་བཟང་ཟོ། ཆུ་གང་ཡག་འཐུང་། ལུས་ལ་ཤ་ཤེད་རྒྱས་སུ་ཆུག་ཅེས་ཁོང་མ་བུ་གསུམ་ལྷ་སར་འགྲོ་རུ་བཅུགས། 
 
མ་མོ་མ་བུ་གསུམ་ལྷ་ས་ནས་ཕྱིར་ཡོང་དུས་ལམ་ཁ་ནས་རི་བོང་ཞིག་ལ་ཐུག  ཁོང་ཚོས་རི་བོང་དེར་ལྷ་སར་སོང་ཚུལ་དང་། སྤྱང་ཀི་ལ་ཐུག་ཚུལ་སོགས་བཤད། རི་བོང་གིས་ངས་ཁྱེད་ཚོ་སྐྱོབ་ཐབས་བྱ་ཆོག་ཅེས་སྒྱེ་གཅིག་དང་ཐག་པ་གཅིག་མ་མོ་མ་བུ་གསུམ་གྱི་ལག་ཏུ་བཞག་སྟེ་སྔོན་ལ་མངགས། 
 
སྤྱང་ཀིས་སྔོན་ཆད་ཀྱི་ས་དེ་ནས་མ་མོ་མ་བུ་གསུམ་ལ་སྒུག་བསྡད་ཡོད་པ་རེད། ཁོང་ཚོ་སྤྱང་ཀིའི་ཉེ་སར་སླེབས་དུས་རྒྱབ་ཕྱོགས་ཀྱི་རི་རྩེ་ནས་རི་བོང་གིས་སྐད་གཟེངས་མཐོན་པོས།  ཝ་ཡེ། ང་རྒྱལ་བོའི་ཕོ་ཉ་གཞོན་ནུ་བློ་ལྡན་ཡིན། ང་སྤྱང་ཀི་འཛིན་དུ་ཡོང་བ་ཡིན་ཞེས་བཤད།
 
སྤྱང་ཀི་སྐྲག་སྟེ་མ་མོའི་ལག་གི་སྒྱེ་ནང་དུ་འཛུལ། ལུ་གུ་གཉིས་ཀྱིས་དེ་མ་ཐག་སྒྱེ་ཁ་ཐག་པས་བསྡམས།  དེ་ནས་རི་བོང་དེར་སླེབས་ཏེ། མ་མོ་མ་བུ་གསུམ་ཕ་ཡུལ་དུ་ལམ་འཇུག་བྱས་པ་དང་། བསམ་པ་གཞན་ལ་གནག་ན་སྦྱོར་ལ་རང་ལ་འཁོར་ལབ་ཞོར་དུ་སྤྱང་ཀི་ཡོད་པའི་སྒྱེ་དེ་ལ་རྡོག་ཐོས་གཅིག་གཞུས། དེ་ནས་སྒྱེ་ཁ་ཕྱེས་ཏེ་བྲོས་སོང་ངོ་།།