མཐུན་པ་སྤུན་བཞི།

27/07/2011 15:12

 ༄༅ །།སྔོན་དྲང་སྲུང་ལྷུང་བ་ཞེས་བྱ་བའི་གྲོང་ཁྱེར་ཆེན་པོ་ཞིག་ན། རྒྱལ་བོ་ཚངས་བྱིན་ཞེས་བྱ་བ་ཞིག་ཡོད། ལྗོངས་དེའི་ཤར་ལྷོའི་མཚམས་ན་ལྗོན་ཤིང་གཡུ་ལོ་རབ་དུ་རྒྱས་པའི་ཚང་ཚང་གི་ནགས་ཚལ། མེ་ཏོག་སྣ་ཚོགས་སྡུག་གུར་བཞད་པའི་གསེབ་ན། རྩྭ་སྤྱིལ་བུ་ཟླུམ་པོ་གདུགས་ལྟ་བུ་ཞིག་ཡོད། དེ་ན་རྣམ་པ་ཀུན་ཏུ་ལེགས་ཉེས་ལ་རྟོག་བརྟག་པའི་དྲང་སྲོང་ཞིག་གནས། ལྗོངས་འདིའི་དབུས་ན་ཤིང་ནྱ་གྲོ་ངྷའ་ལྗོན་པ་ཚད་དུ་རྫོགས་པ་ཞིག་ཡོད། ལྗོན་ཤིང་དེའི་འདབ་མའི་གྲིབ་བསིལ་ལ་གནས་པའི་གླང་ཆེན་དང་། སྤྲེའུ། རི་བོང་། བྱ་སྲེག་པ་བཅས་སྲོག་ཆགས་བཞི་ཡོད་དོ།དེ་དག་ཕན་ཚུན་གཅིག་ལ་གཅིག་བྱམས་ཤིང་མཛའ་བརྩེ་ནི་ཟབ། གནོད་སེམས་ཀྱི་དྲི་མ་ནི་རིང་དུ་སྤངས། བདེ་སྐྱིད་ཀྱི་དཔལ་དང་ནི་ལྡན། སོས་དལ་བག་ཕེབས་སུ་གནས། དུས་ནམ་ཞིག་ན། ཕན་ཚུན་གླེང་མོལ་བྱས་པ་འདི་ལྟ་སྟེ། འུ་ཅག་རྣམས་རིགས་ཐ་དད་ཅིང་སོ་སོ་ཡིན་པ་ལ། ཕན་ཚུན་མཉེས་གཤིན་མཛའ་བརྩེའི་ལྷག་བསམ་འོ་ཆུ་གཅིག་འདྲེས་ལྟ་བུར་ཡོད་ཀྱང་། འདི་ཙམ་གྱིས་ལེགས་པའི་ཆ་ཡོངས་སུ་རྫོགས་པ་མ་ཡིན་གྱི། གཅིག་གིས་གཅིག་ལ་བཀུར་སྐྱོང་བྱེད་རྒྱུའི་ལམ་སྲོལ་ཞིག་དགོས་ངེས་སོ། ཞེས་གྲོས་བྱས་ནས་སྐྱེས་ལོ་སྔ་ཕྱིའི་རྒན་རིམ་གྱི་ཚད་ལ་ཀུན་ཏུ་རྟོག་པར་བྱེད་དོ།

དེ་ཡང་སྔོན་སྐྱེས་རྗེས་སྐྱེས་ཀྱི་ཚད་འཇལ་བའི་ཐབས་ཤིང་ནྱེ་གྲོ་ངྷའི་ལྗོན་པ་ཆེན་པོ་ཞིག་ཡོད་པ་དེ་ཚོད་འཛིན་བྱེད་དུ་གྲོས་འཆམས་སོ། 

དེ་ནས་གླང་ཆེན་གྱིས་བཤད་རྒྱུར། ཤིང་འདིའི་འདབ་མ་གསར་བའི་དུས། ངས་མཐོང་བའི་ཚེ་ཤིང་འདིའི་ཚད་ངའི་ལུས་དང་མཉམ་ཞེས་ཟེར། སྤྲེའུས་བཤད་རྒྱུར། བདག་གིས་ཐོག་མར་མཐོང་བའི་ཚེ་ན་ངའི་ལུས་དང་མཉམ་པ་ཙམ་དུ་འདུག་ཟེར། རི་བོང་གིས་བཤད་རྒྱུར། ངས་ཤེས་དུས་ཤིང་འདི་ངའི་ལུས་ཚད་ཙམ་དུ་འདུག་ཞེས་ཟེར། བྱ་སྲེག་པས་བཤད་རྒྱུར། ཤིང་འདིའི་རྩ་བ་ས་འོག་ན་ཡོད་དུས་ངས་ལུད་མང་བོ་བརྒྱབ་པ་ལ་བརྟེན་ནས་སྐྱེས་སོ་ཟེར། ཁོང་རྣམས་རྒན་གཞོན་རིམ་པ་ལྟར་ཆགས་ཏེ་གཞོན་པས་རྒན་པ་ལ་སྲི་ཞུ་བྱེད་པ་དང་། རྒན་པས་གཞོན་པ་ལ་བྱམས་སྐྱོང་བྱེད་པར་ཐག་བཅད་དེ།གླང་ཆེན་གྱིས་སྤྲེའུ་ཁུར། སྤྲེའུས་རི་བོང་ཁུར། རི་བོང་གིས་བྱ་སྲེག་པ་ཁུར་ནས་ཕན་ཚུན་འཛའ་གཅུགས་ཐག་དམ་པོས་སྤྲེལ་ནས་བྱ་སྲེག་པས་སྨྲས་པ།ངེད་ཅག་རྣམས་ལ་ཕན་ཚུན་མཐུན་པ་ཙམ་མ་ཡིན་པར། ད་དུང་ཞི་དུལ་བག་ཡོད་རྣམ་དག་གི་བསླབ་ཁྲིམས་དགོས། ཞེས་གྲོས་བྱས་ནས་གདམས་པ་ལ།གཞན་གསུམ་གྱིས་ཀྱང་དོན་དེ་ལ་བློ་མཐུན་ནས་དེ་བཞིན་དུ་གནས་བར་གྱུར་ཏོ། 

དེ་ལ་བརྟེན་ནས་ལྗོངས་དེའི་བྱ་རི་དྭགས་ཐམས་ཅད་ཀྱང་ཕན་ཚུན་འཚེ་བ་མེད་པར་བརྩེ་དུང་གི་བསམ་པ་འོ་ཆུ་གཅིག་འདྲེས་ཀྱི་ངང་ནས་དགའ་བདེའི་དཔལ་ལ་ཅི་དགར་རོལ་བས་དུས་འཁྱོལ་བོར་མཛད་དོ།།