ར་མ་དང་སྤྱང་ཀི།

01/07/2011 13:12

 ༄༅ །།དེ་ཡང་སྔོན་ཞིག་གི་དུས་ན། ཡུལ་ཀུན་མཐུན་ར་བ་ཞེས་འབོད་པ་ཞིག་ཏུ། རྩྭ་གང་བཟང་དང་ཆུ་གང་ཞིམ་ལ་བརྟེན་ནས་རང་དབང་ངང་འཚོ་བ་རོལ་བའི་ར་མ་ཞིག་ཡོད་ལ། སྤྱང་ཀི་ཞིག་གིས་ནམ་ཡང་ར་མ་དེ་ཟ་འདོད་སྐྱེས་མོད། འོན་ཀྱང་ར་མ་དེར་འགྲོ་རོགས་ཁྱི་བཙན་པོ་ཞིག་ཡོད་སྟབས་ཟ་མ་ཐུབ།

ཉིན་ཞིག་སྤྱང་ཀིས་ཝ་མོ་ཞིག་ཡོད་པའི་སར་སོང་ནས་འདི་སྐད་དུ། ཨ་ཅེ་ཝ་མོ་ལགས། འཇིག་རྟེན་འདི་ན་ཁྱོད་ལས་བློ་རིག་ཅན་ཞིག་མེད་པས། ཁྱོད་སོང་ནས་ར་མ་དང་ཁྱི་རྒན་གཉིས་རང་རང་སར་དགར་ཐུབ་ན། ངས་ར་མ་བསད་རྗེས་འུ་གཉིས་ཀྱིས་ར་ཤ་ཚོན་པོ་མཉམ་བཟང་དང་ར་ཁྲག་དྲོན་མོ་མཉམ་འཐུང་བྱས་ཆོག་ཅེས་བཤད་པར།

ཝ་མོ་ར་མའི་འདུག་སར་སོང་སྟེ་ངག་འཇམ་པོ་དང་སྐད་དམའ་མོས་འདི་སྐད་དུ། ཀ་ཡེ་ཨ་ནེ་ར་མ་ལགས། ཁྱོད་ནི་གཞུང་རྒྱུད་དྲང་ཞིང་ངང་རྒྱུད་འཇམ་པའི་རྩྭ་གཟན་ཞིག་ཡིན་རུང་། ཁྱོད་ཀྱི་འགྲོ་རོགས་འདུག་རོགས་དེ་ངང་རྒྱུད་རྩུབ་ཅིང་ཞེ་སེམས་གནག་པའི་ཁྱི་རྒན་ཤ་གཟན་ཞིག་ཡིན་པས། སེམས་ཅན་གྱིས་ཁྱོད་ཀྱང་ཁྱི་འདྲ་འདྲ་ཞིག་རེད་ཅེས་མི་བཤད་དགུ་བཤད་བྱེད་པར་མ་ཟད། ཉིན་ཞིག་ཁྱོད་རང་ཁྱི་རྒན་གྱིས་ཁ་ཟས་སུ་འགྱུར་རྒྱུ་ཡིན་པར་བསམ་བློ་ཐོངས།

ཤ་ཚ་བའི་གཏམ་ལ་སྙན་པོ་མེད། ནད་ཐུབ་པའི་སྨན་ལ་ཞིམ་པོ་མེད། ཟེར་བའི་དཔེ་ཡོད་པས། ཨ་ཅེ་ཝ་མོའི་སྐད་ཆ་ཚང་མ་ང་རང་ལ་ཤ་ཚ་བའི་སེམས་གཏམ་རེད་བསམ་ཏེ་ཁྱི་རྒན་ལ་འདི་སྐད་དུ། ཨ་རོག་ཁྱི་རྒན་ལྡོམ་པོ། ཁྱོད་དང་ང་གཉིས་མཉམ་འགྲོ་མཉམ་འདུག་བྱས་ཚེ། སེམས་ཅན་གྱིས་ང་ཡང་ཁྱི་རྒན་ཁྱོད་འདྲ་འདྲ་ཞིག་རེད་ཅེས་བཤད་རྒྱུ་ཡིན་པར་མ་ཟད། ཉིན་ཞིག་ང་ཁྱོད་ཀྱིས་ཁ་ཟས་བྱེད་རྒྱུ་ཡིན་པས། དེ་རིང་ནས་བཟུང་ངེད་གཉིས་རང་རང་སར་འགྲོ། ཞེས་ཁྱི་རྒན་དང་ར་མ་གཉིས་རང་རང་གི་ལམ་དུ་སོང་། ཁྱི་རྒན་སོང་རྗེས་སྤྱང་ཀི་འོང་ནས་ར་མ་བསད་དེ་ཨ་ཅེ་ཝ་མོ་དང་ཁོ་གཉིས་ཀྱིས་ར་ཤ་ཟོས་ཤིང་ར་ཁྲག་འཐུང་ནས་དགུང་ཟས་ལེགས་པོ་ཞིག་རོལ།