རང་སྲུང་གི་སེམས་ཤུགས་དང་རང་རྒྱལ་གྱི་སྙིང་སྟོབས།

25/06/2012 08:04


༄༅།།  མ་ཏུན་ལོས་ཐུར་ཁེན་གྱིས། རང་གིས་མགོ་མ་བསྒུར་ན། གཞན་གྱིས་རང་གི་གཉའ་ནས་ཞོན་མི་ཐུབ། ཅེས་གསུང་པ་ལྟར། ལོ་ངོ་ལྔ་བཅུ་ལྷག་གི་རིང་ལ་བཙན་རྒྱལ་རིང་ལུགས་པས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་ང་ཚོ་འཆི་ལམ་དུ་དེད་ཅིང་།  ད་ལྟའང་ཤུགས་ཆེ་རུ་བཏང་དང་གཏོང་བཞིན་པ་སྟེ།  རྩ་འཛུགས་ཡོད་པ་དང་འཆར་གཞི་ཡོད་པའི་སྒོ་ནས།   སྣོད་བཅུད་གཉིས་ལ་གཏོར་སྐྱོན་ཚབ་ཆེན་བཟོ་བཞིན་པ་མ་ཟད། མི་རིགས་ཀྱི་རིག་གཞུང་དང་བཅས་པ་རྩ་མེད་གཏོང་བའི་ཆབ་སྲིད་ཀྱི་སྒྲོམ་གཞི་སྣ་ཚོགས་ལག་ལེན་ཏུ་བསྟར་བཞིན་པའི་ཛ་དྲག་གི་དུས་སྐབས་ལ་བསླེབས་ཡོད་པའི་གནས་ཚུལ་འདི་ནི། ང་ཚོ་ཙམ་མ་ཟད་དྲང་བདེན་སྐྱོང་བའི་མི་རྣམས་ཀྱིས་ཀྱང་ཐུགས་སྣང་གནང་བཞིན་པའི་གནད་དོན་ཚབ་ཆེན་ཞིག་ཏུ་གྱུར་ཡོད།

༧ པན་ཆེན་རིན་པོ་ཆེས། བོད་རྗེས་ལུས་ཀྱི་རྣམ་པ་འདི་མ་སྒྱུར་ན། ང་ཤི་ཡང་མིག་མི་བཙུམ། ཞེས་གསུངས་པ་ལྟར། ཆོད་སེམས་རབ་ཏུ་བརྟན་པའི་མི་རབས་རྒན་པ་ཚོས་འཇིགས་ཞུམ་སྤུ་ཙམ་མེད་པར་གདེང་སྤོབས་ཆེན་པོས་དཀའ་སྡུག་འབུམ་ཕྲག་གདོང་ལེན་བྱས་ཏེ་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང་། འཚོ་གནས་བྱེད་ཐུབ་པའི་རིག་གནས་ཁོར་ཡུག་ཅིག་བཟོས་ཡོད་པར་མ་ཟད། མ་འོངས་གངས་ལྗོངས་ཀྱི་བདག་པོ་དེ། བོད་ཀྱི་ཕྱི་རབས་པའི་རྒྱུད་ལ་བཀྲུས་ན་མི་དག་པའི་བོད་མིའི་འདུ་ཤེས་གསོན་པོ་རེ་བཞག་པ་དང་། བཤིག་ན་མི་འགྱེལ་བའི་ལ་རྒྱའི་ཀ་བ་བརྟན་པོ་རེ་བཙུགས་ཡོད། ལྷག་པར་དུ་བདེན་དོན་འཐབ་རྩོད་ཀྱི་བྱ་བཞག་ཀུན་ཕན་འཚེ་མེད་ཞི་བའི་ཐབས་ལམ་ནས་བརྩད་ཏེ། འཛམ་གླིང་མི་དམངས་ལ་དཔེ་སྟོན་ཁྱད་དུ་འཕགས་པ་ཞིག་འཇོག་ཐུབ་ཡོད་པ་དང་། གཟུར་གནས་ཀུན་གྱིས་གུས་བཀུར་བྱེད་ཡུལ་གྱི་མི་རིགས་ཤིག་ཏུ་གྱུར་ཐུབ་ཡོད་པས། ཕྱག་རྗེས་རླབས་ཆེན་བཞག་པ་ནི་སྤོབས་པ་སྐྱེ་འོས་པ་ཞིག་གོ   དེ་བས་ན། འུ་ཅག་གཞོན་རབས་པ་དག་གིས་ཀྱང་། བོད་མི་རྒན་རབས་པ་ཚོས་སྲོལ་བཏོད་པའི་དཔེ་ལུགས་བཟང་པོའི་རྒྱུན་བསྐྱངས་ཏེ་སྙིང་སྟོབས་ཆེན་པོས་མདུན་ནས་མདུན་དུ་བསྐྱོད་པ་ཡིན་ན། ནམ་ཞིག་ང་ཚོའི་ཕུག་འདུན་འགྲུབ་ངེས་པ་ནི་རྒྱལ་ཁབ་མང་བོའི་དར་རྒུད་དང་འཛམ་གླིང་གི་ལོ་རྒྱུས་ཀྱི་འཕེལ་འགྲིབ་ལ་བལྟས་ན་བདེན་དཔང་གྲངས་ལས་འདས་པ་ཡོད་དོ།
༧ རྒྱལ་བ་རིན་པོ་ཆེས་ཡང་དང་ཡང་དུ། ང་ཚོས་རང་དོན་རང་གཅེས་བྱེད་དགོས་པ་དང་། རང་ཉིད་ལ་འཁྲི་བའི་ལས་དོན་དེ་རང་ཉིད་ཀྱི་འགན་ཁུར་བའི་དུས་ཚོད་ལ་བསླེབས་ཡོད་པ་རེད། ཅེས་གསུང་ཞིང་། རེ་བ་བཟང་ས་ནས་རྒྱག་དགོས་པ་དང་གྲ་སྒྲིག་སྡུག་ས་ནས་བྱ་དགོས་ཞེས་བཀའ་སློབ་ཟབ་རྒྱས་ལན་གྲངས་དུ་མར་གནང་ཡོད་པ་དེ་བཞིན་དུ། མི་རིགས་གཞན་བརྟེན་གྱི་བསམ་བློའི་འདུ་ཤེས་དོར་ནས་རང་དོན་རང་གཅེས་ཀྱི་ལས་ལ་འཇུག་དགོས་པ་དང་། རང་གི་མགོན་སྐྱབས་རང་གིས་བྱེད་ཐུབ་པའི་འདུ་ཤེས་སྲ་བརྟན་དུ་བཏང་སྟེ། མ་འོངས་པའི་བོད་མི་རིགས་ཀྱི་ལས་དབང་བོད་མི་རང་ཉིད་ཀྱིས་ཁ་ལོ་བསྒྱུར་བའི་སྤོབས་པ་ཆེན་པོ་དང་ཡིད་ཆེས་བརྟན་པོ་བསྐྱེད་ནས། རང་རང་གི་འཇོན་ཐང་ལ་དཔག་པའི་ལས་ཀ་རེའི་འགོ་འཛུགས་དགོས་པའི་དུས་ཚོད་ལ་བསླེབས་ཡོད་པ་ངོས་ཟིན་དགོས། ཕྱི་རྒྱལ་དུ་གནས་པའི་བོད་མིའི་སྤྱི་ཚོགས་ལ་མིག་སྔར་འཕྲད་པའི་དཀའ་ངལ་ཚབ་ཆེ་ཤོས་ནི་སྐད་ཡིག་ཉམས་ཆགས་ཀྱི་གནད་དོན་འདི་རེད། གནས་སྟངས་འདི་སེལ་བའི་ཐབས་ལམ་ལ་འབད་བརྩོན་མི་བྱེད་པར་སྔར་བཞིན་སྣང་མེད་དུ་བཞག་པ་ཡིན་ན། ཉིན་རེ་བཞིན་གནས་སྟངས་འདི་ངན་ས་ནས་སྡུག་སར་ལྷུང་སྟེ་མི་རབས་གཅིག་གཉིས་ཀྱི་རྗེས་སུ། ང་ཚོ་ཕྱི་རྒྱལ་དུ་གནས་པའི་བོད་མི་རྣམས་རང་ཉིད་གནས་སྡོད་བྱེད་སའི་རྒྱལ་ཁབ་དེ་དང་དེའི་མི་རིགས་ཀྱི་ཁུངས་སུ་ལས་སླ་བོར་ཐིམ་འགྲོ་བ་ལ་ཐེ་ཚོམ་མི་དགོས་པའི་ཏན་རྟགས་ཤིན་ཏུ་མང་བོ་མཐོང་རྒྱུ་འདུག་པས་ན། ནམ་ཡང་ལྷོད་གཡེང་མེད་པར་ཡིད་གཟབ་བྱེད་དགོས་པར་སེམས་སོ།
བདག་ཉིད་ཆེན་པོ་གན་ངྷིས། རང་ཉིད་ལ་མཐོང་འདོད་ཡོད་པའི་སྤྱི་ཚོགས་ཀྱི་འགྱུར་བ་དེ་དང་པོ་རང་སྟེང་ནས་མགོ་འཛུག་དགོས་གསུངས་པ་ལྟར། ཕྱི་རྒྱལ་ན་གནས་པའི་བོད་མི་རྣམས་ལ་བོད་མི་རིགས་ལ་ཤ་ཞེན་ཡོད་པ་དང་། མི་རིགས་ཀྱི་འཆི་གསོན་ལ་འགན་ཁུར་ཡོད་པ་ཡིན་ན། བརྡ་སྤྲོད་ཀྱི་རྨང་གཞི་སྐད་ཡིག་ཉམས་ཆགས་ཀྱི་གནས་སྟངས་ལ་བསམ་བློ་བསྒྱུར་བཀོད་ངེས་པར་གཏོང་དགོས་ཏེ། དང་པོ། རང་སྟེང་ནས་འགོ་བརྩམས་ཏེ་རང་ཁྱིམ་དུ་བོད་སྐད་བཤད་པ་དང་བོད་ཡིག་འབྲི་ཀློག་གི་གོམས་སྲོལ་འཛུག་དགོས། དེ་ནས། ཕྱི་ནང་གི་འགལ་རྐྱེན་གང་ལའང་གདོང་གཏུགས་ཕོད་པའི་སྙིང་སྟོབས་བསྐྱེད་དེ། གོམས་སྲོལ་དེའི་རྩ་བ་རིང་ལ་རྩེ་མོ་རྒྱས་ཕྱིར་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྐྱང་དགོས་ཤིང་།  རང་དང་རང་གི་ནང་མི། གྲོགས་པོ་དང་གཉེན་འབྲེལ་བར་དུ་བརྡ་སྤྲོད་བྱེད་ཀྱི་སྐད་རིགས་ཨང་དང་བོ་ཕ་སྐད་གཙང་མ་དེ་འགྱུར་ཐུབ་པ་བྱེད་དགོས། རྒྱུན་ལྡན་འཚོ་བའི་ཁྲོད་དུ་ཕ་སྐད་བཤད་རྒྱུ་དེ་གོམས་ཆགས་སུ་སོང་བའི་སྐབས་སུ་བོད་མིའི་འདུ་ཤེས་སྲུང་སྐྱོབས་ཀྱི་ཐར་ལམ་རྙེད་སོང་བ་དང་། བདེན་དོན་འཐབ་རྩོད་ཀྱི་རྩ་བའང་བརྟན་པོ་ཆགས་སོང་བ་ཡིན་པར་སེམས་སོ།
ཕྱི་རྒྱལ་ན་གནས་པའི་བོད་རིགས་ཕ་མ་ཚོ་ལྟར་ན། ཕྱི་རྒྱལ་དུ་ཡོང་བའི་དགོས་དམིགས་ནི་བུ་ཕྲུག་གི་མདུན་ལམ་ཡག་པོ་ཞིག་འཚོལ་དུ་འོང་བ་ཡིན་ཟེར། དེ་ཡིན་ན་འཚོལ་བཞིན་པའི་མདུན་ལམ་གྱི་ཆ་རྐྱེན་ཨང་དང་པོ་རང་གི་བུ་ཕྲུག་དག་བོད་མི་རིགས་ཀྱི་ངོ་བོ་རང་ལ་གནས་ཐུབ་པ་བྱ་རྒྱུ་དེ་ཡིན་དགོས། ཆ་རྐྱེན་དེ་ཚང་བའི་ཐོག་ནས་ཤེས་བྱ་རིག་པའི་གནས་ལ་ཐོས་པ་དང་བརྩོན་པ་རྒྱུན་འཁྱོང་བྱས་ན། རང་གི་ཁྱིམ་ཚང་དང་སྤྱི་ཚོགས། རྒྱལ་ཁབ་དང་མི་རིགས་ཀྱི་འཕེལ་རྒྱས་ཀྱི་ཆེད་དུ། ལེགས་སྐྱེས་གང་ལ་གང་འཚམས་ཤིག་འབུལ་ཐུབ་པ་ཡིན། མ་མཐའང་རང་གི་རྩ་བའི་བླ་མ་དང་རྒན་རབས་པ་ཚོར་ངོ་གནོང་མི་དགོས་ལ། སྤོབ་སེམས་ཆེན་པོས་སྒོ་ནས་མི་རིགས་གཞན་གྱི་གྲལ་དུ་རང་གི་མགོ་འཕང་ཡར་བཏེགས་ནས་འགྲོ་ཆོག་པ་དང་། རང་སེམས་ལ་གནོང་དང་འགྱོད་པ་མེད་པའི་བདེ་སྐྱིད་དང་ཞི་བདེའི་འབྱུང་ཁུངས་ཤིག་བསྐྲུན་ཐུབ་སོང་བ་ཡིན་ནོ། ཁྱིམ་མཚེས་ལ་ཉན་ས་དང་། ཨ་རོགས་ལ་བལྟ་ས་ཤེས་པའི་དཔེ་ལྟར། རང་ཉིད་གནས་བསྡོད་བྱེད་སའི་སྤྱི་ཚོགས་ནང་གི་མི་རིགས་འདྲ་མིན་གྱིས་རང་རང་གི་སྐད་དང་ཡི་གེ། ཆོས་དང་རིག་གཞུང་སྲུང་སྐྱོབ་དང་རྒྱུན་འཛིན་གྱི་ལས་ལ་འབད་བཞིན་པ་ནི་ང་ཚོ་ཀུན་ལ་རྒྱུས་མངའ་ལེགས་པས་རིག་པ་སྒྲིམ་དགོས་སོ། །

Topic: རང་སྲུང་གི་སེམས་ཤུགས་དང་རང་རྒྱལ་གྱི་སྙིང་སྟོབས།

No comments found.

New comment