རི་བོང་དང་གྲོག་མ།

29/04/2013 06:56

ཉིན་ཞིག་ལ་རི་བོང་བློ་ལྡན་མཆོང་ལྡིང་བྱེད་བཞིན་ས་འབུར་ཞིག་གི་སྒང་ན་བསྡད་ཡོད་པའི་སྐབས་སུ། གང་ནས་ཐོན་པ་མ་ཤེས་པར་གྲོག་མ་ཞིག་ཡོང་ནས། ཨ་ཁུ་རི་བོང་ཁྱེད་རང་གིས་འདི་རུ་ཅི་ཞིག་བྱེད་ཀྱི་ཡོད་དམ་ཞེས་དྲིས་པས། རི་བོང་གིས་བཤད་རྒྱུར། ང་ཕ་གིའི་ནགས་ཚལ་ནང་ལ་རི་དྭགས་རྒྱལ་པོ་སེང་གེ་ལ་མཇལ་གྱི་འགྲོ་བ་ཡིན་ཞེས་བཤད་པས། གྲོག་མ་ཡ་མཚར་བའི་ངང་ནས་འོ་ཨ་ཁུ་རི་བོང་ཨོ་ན། རི་དྭགས་རྒྱལ་པོ་སེང་གེ་ཞེས་པ་གང་འདྲ་ཞིག་ཡོད་རེད་ཅེས་དྲིས། རི་བོང་གིས་བཤད་རྒྱུར་། ཨོ་ན་ཁྱེད་ཀྱིས་ང་ལ་ལྟོས་དང་། རྒྱལ་པོ་སེང་གེ་གང་འདྲ་ཡིན་མིན་ངའི་ཁྱེད་ལ་བསྟན་ཆོག་ཞེས་བཤད། དེ་ནས་གྲོག་མས་བལྟས་བསྡད་པས། རི་བོང་ཕྱོགས་ཡར་མར་ལ་རྒྱུགས་ནས་ཤྭ་མོ་སེར་བོ་ཞིག་འཐུས། དེ་ནས་མཛོ་མོ་ནུ་ཤིང་འགའ་བཏོག་ཡོང་ནས། ད་ཁྱེད་ཀྱིས་ང་ལ་ལྟོས་དང་ངའི་ཁྱེད་ལ་རི་དྭགས་རྒྱལ་པོ་སེང་གེ་གང་འདྲ་ཡོད་མེད་སྟོན་ཞེས་བཤད་པས། གྲོག་མས་མིག་རིག་རིག་བལྟས་བསྡད། རི་བོང་གིས་སེང་གེ་རྒྱལ་པོ་གཡུ་རལ་གྱི་ཚབ་ཏུ་ཤྭ་མོ་སེར་བོ་དེ་མགོ་ལ་གོན། མཆེ་བ་ཡི་ཚབ་ཏུ་ཤྭ་མོ་ཡུ་བ་དཀར་པོ་དེ་ཁ་ནང་་གཡས་གཡོན་ལ་བཙུགས་།སྡེར་མོ་རིང་པོ་བཟོ་བྱེད་དུ་མཛོ་མོ་ནུ་ཤིང་ཁ་ཤས་མཛུབ་བར་ལ་བཟུང་ནས་། མཆེ་སྡེར་བགྲད་ཅིང་སྐན་སྒྲ་སྒྲོག་པས་གྲོག་མ་སྐྲག་ཐག་ཆོད་ནས་དབུགས་ཀྱང་གཏོང་ལེན་མི་ཐུབ་པས་ངང་བྲོས་བས། རི་བོང་གིས་ཧ་ཧ་ཧ་ཧ་ཟེར་བཞིན་གྲོག་མའི་རྗེས་སུ་བལྟས་ནས། ད་ངས་་ཁྱེད་ལ་སེང་གེ་རྒྱལ་པོ་བསྟན་སོང་ང་ཞེས་བཤད་ནས་་སླར་ཡང་ཧ་ཧ་ཧ་ཧ་ཧ་ཞེས་དགོད་བཞིན་རང་ཡུལ་ཏུ་ལོག།

སོག་མདའ
༢༠༡༣་༤་༡༡་ཉིན་རང་ཤག་ནས་བྲིས་ཚར།།