རི་བོང་དང་ཅལ།

20/07/2011 14:42

 ༄༅།།གནམ་གཤིས་ཤིན་ཏུ་འཇམ་པའི་དབྱར་ཀ་ཞིག་ལ། རི་བོང་ཞིག་གིས་མཚོ་འགྲམ་དུ་སྐྱེས་པའི་ཤིང་གི་ལོ་མ་གསར་བའི་བཅུད་ལ་རོལ་ཏེ་བདེ་བར་

གནས་པ་ན། མཚོ་ནང་དུ་ཤིང་ཛམྤུའི་འབྲས་བུ་སྨིན་པ་ཞིག་ལྷུང་ནས། ཅལ་ཞེས་སྒྲ་གྲགས། རི་བོང་འཇིགས་ཤིང་དངངས་ཏེ་སྐད་ཆེན་པོས་ཅལ་ཡོང་ངོ་ཞེས་བྲོས། ལམ་བར་དུ། ཝ་ཞིག་གིས་ཨ་ཁུ་རི་བོང་ལགས། ཁྱོདཅི་ལ་འབྲོ་ཞེས་དྲིས། རི་བོང་གིས་ཅལ་ཡོང་ངོ་ཞེས་ཕྱི་ལྟས་མེད་པར་བྲོས་པ་དང་། ཝ་ཡང་བྲོས་སོ།

དེ་ནས་རིམ་པར་སྤྱང་ཀི་དང་དོམ། དྲེད། སྟག་དང་གཟིག་ལ་སོགས་པའི་གཅན་གཟན་དང་རི་དྭགས་མང་བོར་ཕྲད་པ་ལ་ཅལ་ཡོང་ངོ་ཞེས་སྨྲས་པས། དེ་ཐམས་ཅད་ཀྱང་འཇིགས་ཤིང་སྐྲག་སྟེ་བྲོས་སོ།མཐར་སེང་གེ་ཞིག་དང་ཕྲད་དེ།  སེང་གེ་ན་རེ། ཅི་ལ་འབྲོ་ཞེས་དྲིས།  ཐམས་ཅད་ཀྱིས་ཅལ་ཡོང་ངོ་ཟེར། སེང་གེས་ཅལ་ཞེས་པ་ཅི་ཞིག་རེད་ཅེས་དྲིས་པ་ན། འབྲོ་བཞིན་པའི་གཅན་གཟན་རི་དག་ཐམས་ཅད་ཀྱིས་མི་ཤེས་ཞེས་ལན་བཏབ།དེ་ནས་རི་བོང་ལ་གཏུགས་ཏེ་དྲིས་པས། རི་བོང་གིས་མཚོ་མ་དྲོས་པའི་འགྲམ་དུ་འཁྲིད་དེ་བསྟན་པ་ན།  སེང་གེས་མགོ་བོ་འཕྲེད་དུ་གཡུག་སྟེ། ཁྱོད་ཚོ་ཇི་འདྲའི་གླེན་པ་ལའང་། ཞེས་དབུག་རིང་འདོན་ཞོར་དུ། དེ་ནི་ཤིང་འབྲས་མཚོ་ནང་དུ་ཟག་པའི་སྒྲ་ཡིན་པ་ལས་འཇིགས་སྐྲག་སྐྱེ་དགོས་པ་ཞིག་མ་རེད་ཅེས་དང་། ཕྱིན་ཆད་བྱ་བའི་ལས་ཐམས་ཅད་ལ་བརྟག་དགོས་པར་གདམས་སོ། །