རྟ་དང་སྤྱང་ཁུ།

23/07/2011 08:56

༄༅།།གནའ་སྔ་མོ་ཞིག་ལ། རྟ་ཞིག་ཆུ་ཁར་ཆ་འཐུང་དུ་སོང་ཚེ། སུག་བཞི་ཆུ་འགྲམ་གྱི་འདམ་ནང་དུ་ཟུག་པ་དང་། འཕག་འཚག་ཇི་ལྟར་བྱས་ཀྱང་། མར་ནས་མར་ཟུག་པ་ལས། ཡར་ཁྱོན་ནས་ཐར་མ་ཐུབ་པ་རེད།

 

སྐབས་དེར། ཕོ་བ་ལྟོགས་པའི་སྤྱང་ཁུ་ཞིག་གིས་རྟ་འདམ་དུ་ཟུག་པ་མཐོང་ནས། རྟ་ཤ་ཟ་འདོད་ཀྱི་འགྲམ་ཆུ་ཁ་ལ་འཁོར་ཏེ་རྟའི་རྩར་བསླེབས་ནས་ན་རེ།  རྟ་ཚེ་ཟད་སྤྱང་ཁུའི་ཁ་ཟས་རེད་ཅེས་རྟ་ལུས་ལ་སོ་འདེབས་གྲབས་བྱས་དུས། རྟའི་སེམས་ལ། ད་ཐབས་ཤིག་མ་བྱས་ན་སྤྱང་ཁུ་འདིའི་ཁ་ནས་མི་ཐར་བ་ཁོ་ཐག་རེད་བསམ་སྟེ། ཨ་ཁུ་སྤྱང་ཁུ་ལགས། ཁྱོད་དེ་འདྲའི་བྲེལ་བ་ལངས་ནས་ཅི་བྱེད།གང་ལྟར་ང་ཁྱོད་ཀྱི་ཁ་ཟས་སུ་གྱུར་ཚར་ཡོད་པ་འདི་རེད། སེམས་ལྷོད་ལྷོད་བྱས་ནས་རྟ་ཤ་རྒྱག་ཚད་ཅིག་ཟོས་མ་རེད་དམ་ཞེས་ཟེར། སྤྱང་ཁུས་ཁྱོད་ཀྱིས་ག་རེ་ཤོད་ཀྱིན་ཡོད་ཟེར། རྟ་ན་རེ། གལ་ཏེ་རྟ་ཤ་ཆ་ཚང་ཞིག་ཟ་བར་འདོད་ན། ངའི་ལུས་སྨད་འདམ་ལས་ཡར་ལོང་ལ་ཟོས་ན་མི་ཆོག་གམ་ཞེས་སྨྲས།སྤྱང་ཁུའི་སེམས་ལ། སྐད་ཆ་དེ་ལ་རྒྱུ་མཚན་འདུག་བསམ་སྟེ། ཤུགས་ཡོད་ཚད་བཏོན་ནས་རྟ་འདམ་ལས་བླངས་པ་དང་ཡང་བསྐྱར་རྟའི་ལུས་ལ་སོ་འདེབས་གྲབས་བྱས་པ་ན།  རྟས་མགོ་བོ་འཕྲེད་ལ་གཡུག་ཞོར་དུ། ཁྱོད་འདི་འདྲའི་སྤྱང་ཁུ་གླེན་པ་ཞིག་ཡིན་དོན་ཅི་རེད་ཅེས་དྲིས། སྤྱང་ཁུས་ཁྱོད་ཀྱི་སྐད་ཆ་དེའི་དོན་ཅི་ཡིན་ཞེས་དྲིས། རྟ་དེས་སྤྱང་ཁུ་ལ། སེམས་ལྷོད་ལྷོད་བྱས་ནས་རྟ་ཤ་གཙང་མ་ཞིག་ཟོས་ན་མ་རེད་དམ་ཞེས་ཟེར།  སྤྱང་ཁུའི་སེམས་ལ། སྐད་ཆ་འདི་དངོས་གནས་ལྷག་བསམ་རྣམ་དག་ཅིག་རེད་བསམ་ཏེ། རྟའི་ལུས་ཡོངས་རྫོགས་ཆུས་བཀྲུས་ཏེ་གཙང་མ་བཟོས་པ་དང་།   དེ་ནས་ཡང་བསྐྱར་རྟའི་ལུས་ལ་སོ་འདེབས་གྲབས་བྱས་པ་ན། རྟ་ན་རེ། ངའི་རྐང་བ་གཡས་མའི་འོག་ན། གཟུངས་སྔགས་བྱིན་རླབས་ཅན་ཞིག་ཡོད། ཁྱོད་ཀྱིས་ང་མ་ཟོས་པའི་སྔོན་དུ། དེ་ཚར་གཅིག་ཀློག་རོགས། དེ་ནས་སེམས་སྐྱིད་པོ་བྱས་ནས་འཇིག་རྟེན་ཕྱི་མ་ལ་བུད་འགྲོ་གི་ཡིན་ཞེད་བཤད། སྤྱང་ཁུས་ཡ་ཡ། ཆོག་གི་ཆོག་གི་ཟེར་ཞོར་དུ་མགོ་མར་སྒུར་ཏེ། ལག་པ་གཉིས་རྟ་ཕོའི་རྐང་བ་གཡས་པ་ལ་འཇུ་བར་བརྩམ་པ་ན། རྟ་ཕོས་ཤུགས་ཀྱིས་འཕྲ་གཅིག་འཕངས་ཏེ། དག་དག་སྤྱང་ཁའི་མཆུ་ཏོ་ཕོག་པ་དང་སར་འགྱེལ། སྐབས་དེ་དང་བརྟུན་ནས་རྟ་དེས་བང་བླངས་ཏེ་བྲོས་སོང་བ་དང་། སྤྱང་ཁུས་མཆུ་ལག་པས་བསྐྱོར་ཏེ་སྨྲེ་སྔགས་འདི་བཏོན་སོ།

 

འོས་་་་་་འོས་་་་་རྟ་ཕོ་འདམ་ལས་བླངས་པའི་སྤྱང་ཁུ་ཤུགས་ཆེན་པོ།

འོས་་་་་་་འོས་་་་རྟ་ལུས་གཙང་མར་བཀྲུས་བའི་སྤྱང་ཁུ་གོ་ཆོད་པོ། 

འོས་་་་་་་འོས་་་་་གཟུངས་སྔགས་རྩ་ཆེན་ཀློགས་པའི་སྤྱང་ཁུ་མཁས་པ་བོ། 

འོས་་་་་་་འོས་་་་རྟ་འཕྲ་མཆུ་ལ་བརྒྱབ་པའི་སྤྱང་ཁུ་ལས་ངན་པོ།