ས་བདག་རིག་པས་ཕམ་པ།

04/10/2012 09:31

 

ཉི་ཞིག་ཨ་ཁུ་བསྟན་པས་རི་མགོར་ས་རྒོད་བསློག་ནས་ཞིང་ལ་བསྒྱུན་གྱིན་ཡོད་དུས། ས་བདག་འོངས་ཏེ་འདི་ངའི་ས་ཡིན་པས། ལོ་ཏོག་ཕྱེད་ཀ་ང་ལ་སྤྲད་དགོས་ཞེས་བཤད་ནས་ཕྱིན་སོང་།

དཔྱིད་ཀ་ཞིང་རྨོ་རན་དུས་ཨ་ཁུ་བསྟན་པ་ས་བདག་གི་ཁྱིམ་ལ་སོང་སྟེ། ས་བདག་ལགས།  ལོ་ཏོག་འདེབས་རན་ལ་བསླེབས་ཡོད་པས། ཁྱེད་ལ་ལོ་ཏོག་གི་རྩེ་མོ་དགོས་སམ་རྩ་བ་དགོས་ཞེས་དྲིས། ས་བདག་གིས་ཐེ་ཚོམ་མེད་པར། ང་ལ་རྩེ་མོ་དགོས་ཤེས་ལན་བཏབ། ཨ་ཁུ་བསྟན་པ་ཕྱིར་སོང་ནས་ཞིང་ལ་ཞོག་ཁོག་བཏབ་པ་རེད། སྟོན་ཀ་སྟོན་ཐོག་བསྡུ་རན་དུས་ས་བདག་གིས་གཡོག་པོ་འགའ་ཁྲིད་དེ།  སྟོན་ཐོག་བསྡུ་རུ་འོངས་པ་ན།  ཨ་ཁུ་བསྟན་པས་ཞོག་ཁོག་བསྡུས་ཚར་བ་དང་། ཞིང་ནང་དུ་ཞོག་ཁོག་གི་ལོག་མ་ལས་གང་ཡང་མཐོང་རྒྱུ་མེད་པ་རེད། ས་བདག་ཁོང་ཁྲོ་ཟོས་ཏེ་ཨ་ཁུ་བསྟན་པར་རྒྱུ་མཚན་འདྲིས། ཨ་ཁུ་བསྟན་པས་ས་བདག་ལགས། ཁྱོད་ཀྱིས་གསུངས་པ་ལྟར་ལོ་ཏོག་གི་རྩེ་མོ་ཐམས་ཅད་ཞིང་ནང་དུ་བསྐྱུར་ཡོད་ཅེས་བཤད་པས་བདག་གིས་ལན་འདེབས་རྒྱུ་མ་སྙེད་པ་རེད།  

ཕྱིར་ལོ་དཔྱིད་མགོ་ཚུགས་དུས་ས་བདག་གིས་ཨ་ཁུ་བསྟན་པ་ལ་ད་ལོ་ང་ལ་ལོ་ཏོག་གི་རྩ་བ་དགོས་ཤེས་བཤད་པ་ན། ཨ་ཁུ་བསྟན་པས་ལགས་སོ། ཡིན་དང་ཡིན་ཞེས་ཞུས་པ་དང་། ཕྱིར་སོང་ནས་ཞིང་ལ་ནས་བཏབ་པ་རེད། སྟོན་ཀ་སྟོན་ཐོག་སྡུད་སྐབས་ས་བདག་གིས་གཡོག་པོ་འགའ་ཁྲིད་དེ། སྟོན་ཐོག་བསྡུ་རུ་འོངས་པ་ན། ཨ་ཁུ་བསྟན་པས་ནས་ཀྱི་སྙེ་མ་རྣམས་བསྲེག་ཚར་བ་དང།  ཞང་ནང་དུ་སོག་མའི་ཕུང་བོ་ཞིག་ལས་གང་ཡང་མཐོང་རྒྱུ་མེད་པ་རེད།  ས་བདག་ཁོང་ཁྲོ་ཟོས་ཏེ་ཨ་ཁུ་བསྟན་པར་རྒྱུ་མཚན་དྲིས། ཨ་ཀུ་བསྟན་པ་ས་བདག་ལགས། ཁྱོད་ཀྱིས་གསུངས་པ་ལྟར་ལོ་ཏོག་གི་རྩ་བ་ཐམས་ཅད་ཤུལ་ན་བསྐྱུར་ཡོད་ཅེས་བཤད་པས།  ཡང་བསྐྱར་ས་བདག་གིས་ལན་འདེབས་རྒྱུ་མ་སྙེད་པ་རེད།

ཡང་ལོ་རྗེས་མར་དཔྱིད་མགོ་ཚུགས། ས་བདག་ཨ་ཁུ་བསྟན་པའི་ཁྱིམ་དུ་ཡོང་སྟེ་ད་ལོ་ང་ལོ་ཏོག་གི་རྩ་བ་དང་རྩེ་མོ་གཉིས་ཀ་དགོས་ཤེས་བཤད། དེ་ནས་ཨ་ཁུ་བསྟན་པས་། ཨ་ཁུ་བསྟན་པས་ལགས་སོ། ཡིན་དང་ཡིན་ཞེས་ཞུས་པ་དང་། ཕྱི་སོང་ནས་ཞིང་ལ་མ་རྨོས་ལོ་ཏོག་བཏབ་པ་རེད། སྟོན་ཀ་སྟོན་ཐོག་བསྡུ་སྐབས་ས་བདག་གིས་གཡོག་པ་འགའ་ཁྲིད་དེ། སྟོན་ཐོག་བསྡུ་རུ་འོངས་པ་ན།  ཨ་ཁུ་བསྟན་པས་མ་རྨོས་ལོ་ཏོག་རྣམས་བསྡུས་ཚར་བ་དང། ཞང་ནང་དུ་སོག་མའི་ཕུང་བོ་ཞིག་ལས་གང་ཡང་མཐོང་རྒྱུ་མེད་པ་རེད། ཁོ་ཚོ་ཁོང་ཁྲོ་ལངས་སྐབས་ཨ་ཁུ་བསྟན་པས་ས་བདག་ལགས། རྩ་བ་དང་རྩེ་མོ་གཉིས་ཀ་ཁྱེད་ལ་བསྐྱུར་ཡོད་ཅེས་བཤད་པས། ས་བདག་ཁ་གྲགས་རྒྱུ་མེད་པར་གྱུར།