སྐྱེས་པ་ལེ་ལོ་ཅན་དང་བུད་མེད་ཤེས་རབ་ཅན།

28/08/2015 22:49


སྔོན་ཆད་ས་ཆ་ཞིག་ན། ལས་ཀ་བྱེད་ན་མི་འདོད་པའི་མི་ལེ་ལོ་ཅན་ཞིག་ཡོད།ཁོས་དུས་རྟག་ཏུ་ལས་ཀ་མི་བྱེད་དགོས་པར་ཟས་ཞིམ་པོ་རེ་རེག་ཐབས་བྱེད་ཀྱིན་ཡོད།

ཉིན་ཞིག་མི་དེ་དགོན་པའི་ནང་དུ་འགྲོ་དུས།
ཤིང་ཏོག་ཨ་མྲའི་སྡོང་བོ་ཞིག་ཡོད་པ་མཐོང་། དེ་ནས་མི་དེ་ཡར་སྡོང་མགོར་འཛེགས་ཏེ། ཤིང་ཏོག་རྒྱབ་ཁུག་གང་བཏོག སྡོང་མགོ་ནས་དགོན་པའི་རྭ་བའི་ནང་དུ་ཆུ་རྫིང་ཞིག་ཡོད་པ་དང་དེའི་ནང་དུ་ཉ་ཆེ་ཆུང་མང་བོ་ཡོད་པ་མཐོང་། དེ་ནས་ཁོ་རྫིང་བུའི་ནང་དུ་མར་མཆོངས་ནས་ཉ་ཟོ་བ་གང་བཟུང་།

དེ་ནས་མི་དེས་རྒྱབ་ཁུག་དེ་རྒྱབ་ཏུ་ཁུར། ཟོ་བ་ལག་ཏུ་བཟུང་ནས་ནང་དུ་རྒྱུགས། མི་དེ་ནང་ལ་ཐོན་ནས་ཆུང་མ་ལ། དེ་རིང་ངས་ཤིང་ཏོག་དང་ཉ་མང་བོ་བཟུང་ནས་ཡོད། ངེད་གཉིས་ལ་ནུབ་ཟས་ཞིམ་པོ་ཞིག་བཟོས་དང་ཞེས་ལབ་ཞོར་དུ། ཉ་ཟོ་བ་གང་དང་ཤིང་ཏོག་རྒྱབ་ཁུག་གང་བོ་ཆུང་མའི་མདུན་དུ་བཞག

ཆུང་མས་ཉ་དང་ཤིང་ཏོག་མཐོང་ནས་དགའ་ནའང་། སེམས་ལ། ཨ་ཡ་མཚན། ལས་ཀ་རྩ་བ་ནས་མི་བྱེད་པའི་མི་འདིས། ཉ་དང་ཤིང་ཏོག་འདི་འདྲའི་མང་བོ་ཞིག་གང་ནས་ཁྱེར་ཡོང་བ་ཡིན་ནམ་བསམ་ཞོར། བརྩེ་བའི་ཁྱོ་ག་ལགས། འདི་འདྲའི་ཉ་དང་ཤིང་ཏོག་མང་བོ་ཞིག་གང་ནས་ཁྱེར་ཡོང་བ་ཡིན་ཞེས་དྲིས། མི་ལེ་ལོ་ཅན་དེས་སྤོབས་པ་ཆེན་པོས། ངས་དགོན་པའི་ནང་ནས་བརྐུས་ཡོང་བ་ཡིན་ཞེས་ལན་བཏབ། སྐད་ཆ་དེས་ཆུང་མ་ཧང་སངས་སུ་བཅུག
དེ་ནས་ཆུང་མའི་སེམས་ལ། ངའི་ཁྱོ་ག་འདི་ལེ་ལོ་ཆེ་བའི་ཁར། རྐུན་མ་ཞིག་ཏུ་ཡང་གྱུར་འདུག འདི་ངོ་མ་ཡིད་སྐྱོ་དགོས་པ་ཞིག་རེད་བསམ་ནས། བྱ་བ་ངན་པ་འདི་འདྲ་ཕྱིན་ཆད་མི་བྱེད་པའི་ཐབས་ཤིག་བྱེད་དགོས་བསམ་སྟེ། གདོང་ནས་འཛུམ་བསྟན་ཞོར་དུ། བརྩེ་བའི་མཛའ་བོ། དེ་རིང་ཁྱེད་ཧ་ཅང་འཇོན་འདུག ད་ཁྱེད་ཁྲུས་ཁང་དུ་ཁྲུས་བྱེད་པར་སོང་དང་། ངས་ཐབ་ཚང་དུ་སོང་ནས་ཉ་ཤ་ཞིམ་པོ་ཤིག་བསྔོ་ཆོག་ཅེས་བཤད།

མི་ལེ་ལོ་ཅན་དེའི་སེམས་ལ། དེ་རིང་ངས་ལས་ཀ་ཡག་པོ་བྱས་ཡོད་བསམ་པ་དང་། ཁྲུས་ཁང་ནང་དུ་འཛུལ། ཆུང་མས་ཐབས་ཚང་ནས་ཉ་ཤ་བསྔོས། ཉ་ཤའི་དྲི་མ་ཞིམ་པོ་ཞིག་ཁྱིམ་ནང་དུ་འཐུལ། མི་ལེ་ལོ་ཅན་དེས་ཁ་ནང་དུ་ཉ་ཤ་བཟའ་འདོད་ཀྱི་ཆུ་འཁྱིལ།

དེ་ནས་ཅང་མ་འགོར་བར། ཆུང་མས་བརྩེ་བའི་མཛའ་བོ། ཟ་མ་གྲ་སྒྲིག་བྱས་ཚར་ཡོད་ཅེས་སྐད་བཏང་། མི་ལེ་ལོ་ཅན་ཁྲུས་ཁང་ནས་མར་ཡོང་བའི་ཚེ་ན། ཆུང་མས་རང་གི་སྐྲ་ལོ་མར་བྱུགས་ཏེ་གདོང་ཡོངས་སུ་བཀབ།ལག་གཡས་པར་ཉ་ཤ་ཡོད་པའི་བསྔོ་ཟངས་ དེ་བཟུང་ནས་བསྡད། མི་དེ་ཡར་ཐབ་ཚང་ནང་དུ་འཛུལ་དུས། མོ་སྨྱོན་པ་ནང་བཞིན་བྱས་ཏེ། ང་ནི་དགོན་པའི་སྲུང་མ་ཡིན། མི་ངན་ཁྱོད་ཀྱིས་དགོན་པའི་ནང་ནས། ཤིང་ཏོག་དང་ཉ་མང་བོ་བརྐུས་སོང་བས། ང་ཁྱོད་ཀྱི་ཆུང་མིའི་ཁོག་ཏུ་ཞུགས་ནས་བསྡད་ཡོད་ཅེས་སྐད་ཅོར་བརྒྱབ། ཁོ་སྐྲག་ཤིང་འཇིགས་ཏེ་རེ་ཞིག་ངག་ལྐུག་ནས་ཧད་དེ་ལུས།

དེ་ནས་མི་དེས་སྲུང་མ་ལགས། རྐུ་ངས་བྱས་པ་ཡིན། ངའི་ཆུང་མ་ལ་ཉེས་ཆད་གཅོད་དོན་ཅི་ཡིན་ཞེས་དྲིས། ཆུང་མས་ཧབ་དགོད་བྱེད་ཤོར་དུ། ང་ཁྱོད་ཀྱི་ཆུང་མའི་ཁོག་ཏུ་འདི་ལྟར་འཛུལ་ནས་བསྡད་ན། ཁྱོད་མུག་ཤི་ཐེབས་མི་འགྲོ་འམ་ཞེས་བཤད། མི་ལེ་ལོ་ཅན་དེས། ཁྱོད་ངའི་ཆུང་མའི་ཁོག་ཏུ་འཛུལ་ནས་བསྡད་ན། ང་མུག་ཤི་ཐེབས་སྟངས་ཤིག་ཡོད་དམ་ཅེས་དྲིས། ཆུང་མས། ཨ་ཁ་ཁ། ཁྱོད་ལེ་ལོ་ཅན་དང་རྐུན་མ་ཞིག་ཡིན་པའི་ཁར། ལྐུག་པ། བསམ་བློ་གཏོང་མི་ཤེས་པའི་མི་ཞིག་ཀྱང་རེད། གལ་ཏེ་ཁྱོད་ཀྱིས་རྐུ་བྱ་ན། ངས་ཁྱོད་གསོད་ངེས་ཡིན། ཁྱོད་ངས་མ་བསད་པར་བཞག་པ་ཡིན་ན། ཁྱོད་ལེ་ལོ་ཆེ་བས་ཁ་ལ་ཟས་མི་རྙེད། དེ་ནས་ཁྱོད་ལྟོགས་ཤི་མི་ཐེབས་སྟངས་ཤིག་གང་ན་འདུག་ཅེས་འཇིགས་སྐུལ།

མི་ལེ་ལོ་ཅན་དེ་འཇིགས་ཤིང་སྐྲག་ནས་པུས་མོ་གཉིས་མར་ས་ལ་བཙུགས། ལག་གཉིས་ཐལ་མོ་སྦྱར། མགོ་སར་བཞག་སྟེ། སྲུང་མ་ལགས། ཐུགས་རྗེས་གཟིགས། ངེད་བཟའ་མི་གཉིས་ཚེ་ཐར་ལ་གཏོང་རོགས། ཞེས་ཞུ་བ་བྱས།

དེ་ནས་ཆུང་མས། ཡ་ཁྱོད་འཆི་མི་འདོད་ན། སྔོན་ལ་ཉ་དང་ཤིང་ཏོག་ཕྱིར་དགོན་ནང་དུ་སྐྱོལ། ཕྱིན་ཆད་རྐུ་མི་བྱ་བ་དང་། ལེ་ལོ་་ཅན་མི་བྱེད་པའི་དམ་བཅའ་འཇོག་དགོས། ཞེས་བཤད། མི་ལེ་ལོ་ཅན་དེས། སྲུང་མ་ལགས་བཀའ་དྲིན་ཆེ། ངེད་བཟའ་མི་གཉིས་ཚེ་ཐར་ལ་བཏང་བ་ཡིན་ན། ངས་ཕྱིན་ཆད་རྐུ་མི་བྱེད་པའི་དམ་བཅའ་དང་། ལས་ཀར་ཧུར་བརྩོན་བྱེད་པའི་དམ་བཅའ་འབུལ་ཆོག་ཅེས་དཀོན་མཆོག་དཔུང་དུ་བཙུགས་ཏེ་མནའ་བོར།།


དེ་ནས་མི་ལེ་ལོ་ཅན་དེས། བརྐུས་འོང་བའི་ཉ་དང་ཤིང་ཏོག་ཚང་མ་ཕྱིར་དགོན་པར་བསྐྱལ་བ་དང་། དགོན་པའི་མཁན་པོའི་མདུན་དུ་སོང་སྟེ་ཉེས་བཤགས་བྱས། ཉིན་དེ་ནས་བཟུང་སྟེ། མི་དེ་ལས་ལ་བརྩོན་ཞིང་ཆུང་མར་བྱམས་པའི་མི་བཟང་བོ་ཞིག་ཏུ་གྱུར་ཏོ།།

མཁས་གྲུབ་གྱིས་བསྒྱུར་བ་དང་ལྕགས་མོ་འཚོས་ལེགས་བཅོས་བྱས། 

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག