སྔགས་པའི་གཡོ་རྒྱུ།

26/07/2016 22:35

གནའ་སྔ་མོ་ཞིག་ན། རྒྱ་གར་གྱི་ཆུ་བོ་གང་གཱའི་འགྲམ་དུ་སྔགས་པ་ཞིག་ཡོད། སྔགས་པ་དེས་ངག་སྡོམ་བླངས་ཏེ་ནམ་རྒྱུན་གཞན་ལ་ངག་ཐོག་ནས་སྐད་ཆ་མི་བཤད་པར། ལག་བརྡ་དང་མཆུ་བརྡ་བྱས་ནས་བརྡ་སྤྲོད་བཞིན་ཡོད་པ་རེད། དེར་བརྟེན།སྔགས་པ་དེར་ཡུལ་དེ་ན་སྐད་གྲགས་ཀྱང་ཆེན་པོ་ཆགས་ཡོད་པ་མ་ཟད།ཁོང་ལ་སློབ་མ་དང་དད་པ་བྱེད་མཁན་ཡང་ཧ་ཅང་མང་པོ་ཡོད།

 

ཉིན་ཞིག་སྔགས་པ་དེ་ཉེ་འགྲམ་གྱི་གྲོང་གསེབ་ཅིག་ཏུ་བསོད་སྙོམས་ལ་ཕྱིན། ཁོས་ཁྱིམ་ཚང་ཞིག་ལ་བསོད་སྙོམས་བསླང་། བསོད་སྙོམས་སྟེར་དུ་ཡོང་མཁན་དེ་བུ་མོ་ཧ་ཅང་ཡག་མ་ཞིག་ཡིན། སྔགས་པས་བུ་མོ་དེ་མཐོང་བ་དང་རང་དབང་མེད་པར་སེམས་པ་མོའི་ཐོག་ལ་ཤོར་ཏེ། ངག་སྡོམ་བླངས་ཡོད་པའང་བརྗེད་དེ། ཁ་ནས། ཨ་ལ་ལ། ཇི་འདྲའི་བུ་མོ་ཡག་མ་ཞིག་རེད་ཅེས་ངག་ནས་ཤོར། 

བུ་མོའི་ཕ་རྒན་གྱིས་སྔགས་པས་སྐད་ཆ་བཤད་པ་ཐོས་ཏེ། མི་དེ་སུ་ཞིག་ཡིན་ན་བསམ་ནས་ལྟ་རུ་ཡོང་། སྐབས་དེར་སྔགས་པ་དེའི་སེམས་ལ། ད་འགྲིག་མ་སོང་བསམ་སྟེ་ཕྱིར་རང་གི་སྡོད་གནས་སུ་རྒྱུགས། 

དེ་ནས་བུ་མོའི་ཕ་རྒན་གྱིས་སྔགས་པའི་རྗེས་དེད་ནས་སྔགས་པ་འདུག་སར་སོང་སྟེ། ཉམ་ཐག་འགྲོ་བའི་མགོན་སྐྱབས། ངག་སྡོམ་སྲུང་བའི་སྔགས་འཆང་།དེ་རིང་བདག་གི་བུ་མོར། སྐད་ཆ་བཤད་དོན་ཅི་ཡིན་ཞེས་དྲིས། སྔགས་པ་དེས་གང་ཡང་མ་བྱུང་ཁུལ་བྱས་ཏེ། ཁ་ནས། ཨོཾ་ཨ་ཧཱུཾ། ཨོཾ་ཨ་ཧཱུཾ། ཞེས་འདོན་ཞོར་དུ་ལན་ཅི་ཡང་མ་བཏབ། 

དེ་ནས་བུ་མོའི་ཕ་རྒན་གྱིས་ཡང་བསྐྱར། སྔགས་འཆང་ལགས། ཁྱེད་ཀྱིས་ཕྲན་གྱི་བུ་མོར་སྐད་ཆ་བཤད་པ་ངས་དངོས་སུ་ཐོས་བྱུང་། ད་ཁྱོད་ཀྱིས་ངག་སྡོམ་ཤོར་ཚར་བ་མ་རེད་དམ་ཞེས་དྲིས་པ་ན། སྔགས་པ་ཁོང་ཁྲོ་ལངས་ཏེ། ངའི་ངག་སྡོམ་ཤོར་བའི་སྡུག་ཉེས་ཡོད་ཚད་ཁྱོད་ཀྱི་བུ་མོ་ལ་ཡོད་ཅེས་ལན་བཏབ། 

བུ་མོའི་ཕ་རྒན་ཡ་མཚན་སྐྱེས་ནས་ངའི་བུ་མོས་སྡུག་ཉེས་འཁུར་དགོས་པའི་རྒྱུ་མཚན་ག་རེ་རེད་ཅེས་དྲིས། སྔགས་པའི་མིག་གཉིས་ཕ་རྒན་གྱི་གདོང་ལ་གྱེར་ཏེ། ཡ་རྒད་པོ། ཁྱོད་མི་བསོད་ཟད་ཅིག་རེད། ཁྱོད་ཀྱི་བུ་མོ་དེ་བཀྲ་མ་ཤིས་པ་ཞིག་རེད། གལ་སྲིད་ཁྱོད་ཀྱི་བུ་མོས་ཆང་ས་བརྒྱབ་པ་ཡིན་ན། ཁྱོད་ཀྱི་ནང་ལ་རྐྱེན་ངན་གོད་ཆག་འབྱུང་བ་མ་ཟད། ཁྱོད་ཀྱི་ཚེ་ལ་བར་ཆད་འབྱུང་ངེས་རེད་ཅེས་འཇིགས་སྣང་བསྐུལ། 

བུ་མོའི་ཕ་རྒན་སྐྲག་ཅིང་འདར་ནས། ལག་གཉིས་ཐལ་མོ་སྦྱར་ཞིང་པུས་མོ་གཉིས་ས་ལ་བཙུགས་ཏེ། སྔགས་འཆང་དམ་པ། བདག་གི་མགོན་སྐྱབས། བདག་ཚེ་འདིའི་བར་ཆད་ལས་ཐར་བར་གསོལ་ཞེས་ཞུ་བ་ཡང་ནས་ཡང་དུ་བྱས།སྐབས་དེར་སྔགས་པ་དེའི་སེམས་ལ། ད་བུ་མོ་མཛེས་མ་དེ་བདག་ལ་དབང་སོང་བསམ་པ་དང་། ཁ་ནས། ལྷ་ཆེན་དབང་ཕྱུག་ལ་གསོལ་བ་འདེབས། རྐྱེན་ངན་བར་ཆད་ཞི་ཤོག་ཅེས་མིག་གཉིས་ཀྱིས་ནམ་མཁར་བལྟས་ཏེ་ཁ་ནས། ཧཱུཾང་ཧཱུཾང་ཧཱུཾང་ཕཊ་ཕཌ་ཅེས་གཟུངས་སྔགས་བགྲང་ཁུལ་བྱས་ཏེ་ན་རེ། ཁྱོད་ཀྱི་ཚེའི་བར་ཆད་ཞི་བ་ལ། ཐབས་ཤེས་གཅིག་མ་གཏོགས་མི་འདུག་ཅེས་བཤད། རྒན་པོ་དེས་ངས་ག་རེ་ཡིན་ན་བློས་གཏོང་ཐུབ་ཅེས་ལན་བཏབ། 

སྔགས་པ་དེའི་སེམས་ལ་འདོད་པའི་མེ་ལྕེ་འབར་ཞོར་དུ། དེས་ན་ཁྱོད་ཀྱིས་རང་གི་བུ་མོ་བློས་གཏོང་ཨེ་ཐུབ་ཅེས་དྲིས། བུ་མོའི་ཕ་རྒན་གྱིས་ང་རང་ཉིད་ཚེ་འདིའི་བར་ཆད་ལས་གྲོལ་ཐུབ་ན། བུ་མོ་བློས་བཏང་ཡང་འགྱོད་པ་མེད་ཅེས་ལན་བཏབ། སྔགས་པ་ན་རེ། ཡ་དེ་ན་བཟང་གི། བུ་མོ་ཤོང་སའི་ཤིང་སྒམ་ཞིག་བཟོས། ཁྱེད་ཚང་ལ་ཡོད་པའི་རིན་པོ་ཆེ་ཚང་མ་བུ་མོ་དང་མཉམ་དུ་འཇོག་དགོས། དོ་ནུབ་ས་རུབ་ལ་ཉེ་བ་ན། སྒམ་དེ་ཆུ་ནང་དུ་འཕེན་དགོས་ཞེས་བརྗོད།

དེ་ནས་བུ་མོའི་ཕ་རྒན་ནང་ལ་སོང་སྟེ། རང་གི་བུ་མོ་ཤོང་སའི་ཤིང་སྒམ་ཞིག་བཟོས། དེའིི་ནང་དུ་རང་གི་བུ་མོ་དང་རིན་པོ་ཆེ་ཚང་མ་བཞག། ཉམ་ཆུང་བའི་བུ་མོས་ཞུ་བ་ཇི་ལྟར་བྱས་ནའང་། རང་འདོད་ཚ་བའི་ཕ་རྒན་གྱིས་མ་ཉན་པར་བཙན་གྱིས་བུ་མོ་སྒམ་ནང་དུ་བཅུག

དགོང་མོ་ས་རུབ་ལ་ཉེ་བ་ན། ཡུལ་དེའི་རྒྱལ་བོའི་སྲས་དང་འཁོར་གཡོག་ཁ་ཤས་རི་དྭགས་བརྔོན་དུ་སོང་ནས་ཕྱིེར་ནང་ལ་ལོག་པའི་ལམ་བར་དུ། རྒན་པོས་ཤིང་སྒམ་ཆུ་ནང་ལ་གཡུག་བཞིན་པ་མཐོང་ནས་རྒྱལ་སྲས་ཀྱིས་གཡོག་པོ་ཚོར་སྒམ་དེ་ཡར་ཆུ་ཁར་ལེན་དུ་བཅུག དེ་ནས་ཤིང་སྒམ་ཁ་ཕྱེ་བ་ན། སྒམ་དེའི་ནང་ན་བུ་མོ་ཡག་མ་ལྟ་ན་སྡུག་པ་ཞིག་ཡོད་པ་མཐོང་།

དེ་ནས་རྒྱལ་སྲས་ཀྱིས་བུ་མོ་ལ་སྐད་ཆ་དྲིས་པ་དང་། བུ་མོས་མགོ་མཇུག་བར་གསུམ་གྱི་བྱུང་རིམ་དང་གནས་ཚུལ་ཆ་ཚང་བཤད། རྒྱས་སྲས་དེ་བུ་མོའི་མཛེས་སྡུག་ལ་ཞེན་ཆགས་ཏེ་ཕོ་བྲང་དུ་གདན་དྲངས་པ་དང་། ཤིང་སྒམ་ནང་དུ་བུ་མོའི་ཚབ་ལ་སྟག་གཅིག་བཅུག་ནས་སྒམ་གྱི་སྒོ་བརྒྱབ། དེ་ནས་སྒམ་མར་ཆུ་ནང་གཡུགས།

 

སྔགས་རྒན་གྱིས་རང་གི་སློབ་མ་རྣམས་ལ། མདང་དགོང་ངའི་རྨི་ལམ་ནང་དུ་ཀླུའི་རྒྱལ་པོས་ང་ལ་ཤིང་སྒམ་ཞིག་ཕུལ་བ་རྨིས་བྱུང་། དོ་ནུབ་ཁྱེད་རྣམས་ཆུ་ཁ་ལ་སོང་ནས་ལྟོས་དང་།གལ་སྲིད་སྒམ་ཞིག་རྙེད་པ་ཡིན་ན། སྒམ་ཁ་རྩ་བ་ནས་ཕྱེ་མི་ཉན་ཞེས་བཤད།

སློབ་མ་རྣམས་ཆུ་ཁར་ཐོན་མ་ཐག། སྒམ་ཞིག་ཆུས་ཁུར་ནས་ཡོང་གི་ཡོད་པ་མཐོང་བ་དང་། སློབ་མ་རྣམས་ཀྱིས་སྔགས་རྒན་ལ་མི་བྱེད་པའི་དད་པ་སྐྱེས་ཞོར།སྒམ་དེ་ཁོང་གཟིམ་སའི་ཁང་པའི་ནང་དུ་བསྐྱལ། 

དེ་ནས་སྔགས་རྒན་གྱིས་བསམ་དོན་ཐམས་ཅད་ཡོངས་སུ་འགྲུབ་སོང་ཞེས་ཁེར་ལབ་བྱེད་ཞོར་དུ། སྒམ་ཁ་ཕྱེ་བ་ན། སྒམ་ནང་གི་སྟག་དེ་ཡར་མཆོང་ཐེངས་གཅིག་གིས་སྔགས་པའི་སྟེང་ལ་མཆོང་ནས་སྔགས་པ་དེ་བསད་པ་རེད། 

བུ་མོ་ཡག་མ་དེ་རྒྱལ་སྲས་ཀྱི་བཙུན་མོར་བསུས་ཏེ་མི་ཚེ་སྐྱིད་པོ་རོལ།ཕ་རྒན་གྱི་བྱ་སྤྱོད་མི་ཚོས་ཤེས་ནས་ཚེ་གང་བོར་མིས་འཕྱ་སྨོད་བྱེད་ཡུལ་དུ་གྱུར། སྔགས་པའི་གཡོ་རྒྱུ་དང་འདོད་རྔམ་ལ་མི་རྣམས་སྐྱུག་ལོག་ནས་ན་རེ། བསམ་པ་གཞན་ལ་གནག་ན། རྒྱུ་འབྲས་རང་ལ་འཁོར་ཡོང་།ཟེར་བ་ཅི་མ་བདེན་ཞེས་ཡོངས་སུ་གྲགས་སོ།།