ཨ་ཁུ་སྟོན་པས་རྐུན་མ་རྙེད་པ།

03/10/2012 21:07

 ལྷ་ཆབ་སྦྱིན་པས་བསྡུས།

༄༅།། ཐེངས་ཤིག་ལ་ཨ་ཁུ་སྟོན་པ་དགོན་སྡེ་ཆུང་ཆུང་ཞིག་ཏུ་སླེབས་པའི་ཚེ། ཏག་ཏག་དགོན་པ་དེའི་ནང་དུ་མ་འབྱོར་བའི་སྔོན་ལ་མཛོད་ཁང་ནས་གསེར་ལྔ་བཅུ་མ་ཞིག་བརྐུས་སོང་བའི་དུས་དང་ཁེལ། སྤྱིར་ཡིན་ན་དགོན་པའི་གཉེར་བ་མ་གཏོགས་གྲྭ་བ་དཀྱུས་མ་ཞིག་གིས་གསེར་ལྔ་བཅུ་མ་ཇི་ལྟ་བུ་ཞིག་ཡིན་པའང་ཤེས་ཀྱི་མེད་མོད། འོན་ཀྱང་གཉེར་བས་གྲྭ་བ་ཉམ་ཆུང་ཞིག་ལ་བསྙོན་འཛུགས་བྱེད་ཀྱིན་པ་ཨ་ཁུ་སྟོན་པས་མཐོང་ནས་ཉིན་གི་ཚོགས་གྲོལ་ཁར་གྲྭ་བ་རེ་རེའི་ལག་ཏུ་འདམ་ཅུང་ཙམ་རེ་བཞག་ནས་སུས་གསེར་ལྔ་བཅུ་མ་དང་དབྱིབས་མཚུངས་པ་ཞིག་བཟོ་ཐུབ་ན་ང་ལ་དེ་གསེར་དུ་འགྱུར་བར་འཇུག་པའི་མན་ངག་ཡོད་ཅེས་བཤད་ཞོར་གཉེར་བའི་ལག་ཏུ་ཡང་འདམ་ལོག་ཅིག་བཞག
 

ཕྱི་ཉིན་ཚོགས་ཐོག་ཏུ་ཚང་མས་རང་རང་གིས་བཟོས་པ་མདུན་དུ་བཤམས་ནས་བཞག་འདུག་ཅིང་ཨ་ཁུ་སྟོན་པས་རེ་རེ་བཞིན་ལྟ་དུས་ཚང་མས་གསེར་ལྔ་བཅུ་མ་མཐོང་མ་མྱོང་ཕྱིར་རང་རང་ཡིད་ཚོད་ཀྱིས་དབྱིབས་གཟུགས་རྣམ་པ་སྣ་ཚོགས་བཟོས་ཡོད། སྐབས་དེར་གཉེར་བས་གཟན་འོག་ནས་ལྔ་བཅུ་མ་དངོས་དང་དབྱིབས་ཤིན་ཏུ་མཚུངས་པ་ཞིག་བཟོས་འདུག་པ་དེ་ཕྱིར་བཏོན་ཞིང་ཨ་ཁུ་སྟོན་པས་ཀྱང་དེ་འཕྲལ་ཚོགས་ཐོག་ནས་སྐད་གསེང་མཐོན་པོས་གསེར་རྐུན་མ་གཉེར་བ་རང་རེད་ཅེས་གསལ་བསྒྲགས་བྱས་སོ།།