<<མཁས་སྒྲུབ་ཀྱི་བྱིས་སྒྲུང་པད་མཚོ>> བཀླགས་པའི་ཚོར་བ་དང་དཔྱད་མ་གཏམ།

<<མཁས་སྒྲུབ་ཀྱི་བྱིས་སྒྲུང་པད་མཚོ>> བཀླགས་པའི་ཚོར་བ་དང་དཔྱད་མ་གཏམ། 
བོད་ལ་སྒྲུང་བཤད་རྒྱུ་ཡོད་ཀྱང་བྱིས་སྒྲུང་ཞེས་པའི་ཚིག་འབྲུ་གཉིས་པོ་ནམ་ཞིག་བོད་ལ་དར་ཡོད་མིན་མི་ཤེེས། འོན་ཀྱང་ངའི་ཕ་མ་ཚོས་དཔེ་བཤད་ཟེར་བོད་ཀྱི་མེས་པོ་ཚོ་བརྒྱུད་ནས་དཔེར་ན་<<རི་བོང་བློ་ལྡན་དང་སྤྱང་ཀི>> སོགས་བཤད་པའི་དཔེ་དག་ལོ་ཁ་ཤས་ནང་ཡིག་ཐོག་ལ་བོད་ཕྱི་ནང་གཉིས་ནས་བཀོད་དེ་ཚང་མས་དེ་ལ་བྱིས་སྒྲུང་ཟེར་གྱིན་འདུག།
སྐབས་དོན་བྱིས་སྒྲུང་པད་མཚོ། ངས་ཐེངས་གསུམ་ལ་བྱིས་སྒྲུང་འདི་བཀླགས་པ་ཡིན། བྱིས་སྒྲུང་འབྲི་མཁན་དཔལ་ཤུལ་མཁས་གྲུབ་ཀྱིས་བྲིས་པའི་སྔར་གྱི་བྱིས་སྒྲུང་ལས་རྗོད་བྱེད་ཚིག་གི་ཆ་ནས་ཚིག་སྦྱོར་གཟེངས་སུ་ཐོན་འདུག་བསམ་བྱུང་། ལེགས་སོ་ཞུ། བརྗོད་བྱའི་ཆ་ནས་བྱེ་བྲག་རྔ་ཡུལ་གྱི་བཀོད་པ་དང་མཛེས་སྡུག་གི་འཚོ་བ་ཡུལ་མིའི་དད་འདུན་གྱི་རང་གཤིས་སོགས་བསྟན་ཡོད། རྩོམ་གྱི་ཁ་བྱང་གི་དབང་གིས་ངས་འདི་ཀློག་སྐབས་མགོ་ལོག་གླུ་མ་པད་མཚོ་ཡིད་ལ་བསྒོམ་བཞིན་བཀླགས་པ་ཡིན། དེ་ནི་སྒྲུང་འདི་ལ་སྤྲོ་བ་དང་ཚོར་བ་འདྲེན་པའི་ཆེད་ཁོ་ན་ཡིན། སྤྱིར་ན་རང་གཞན་གང་གིས་ཚོར་བ་མེད་པའི་དཔེ་དེབ་ཀློག་པ་ནི་དུས་ཚོད་འཕྲོ་བརླག་རང་རེད། བྱིས་སྒྲུང་ཡིན་ཀྱང་འདིར་གཙོ་བོ་བརྗོད་དོན་གཉིས་འདུག། གཅིག་ བུ་མོ་ཚོའི་གོ་སྐབས་དང་རང་དབང་སྐོར་རེད། འདི་ནི་ཧ་ཅང་གལ་ཆེན་རེེད། བྱིས་པ་ཚོའི་སེམས་ན་ཕོ་མོ་འདྲ་མཉམ་དང་རང་དབང་གི་བསམ་བློ་པར་སྐྲུན་ཐུབ་ན་དགེ་མཚན་མང་ལ་དུས་དང་མཐུན་པ་རེད། གཉིས་པ། རྟ་རྒྱག་གི་རྙོག་འཛིང་གཙོས་ཡོད་ཚད་བླ་མས་ཐག་གཅོད་དགོས་པའམ་བྱུང་བ་ལྟ་བུ་ཞིག་བྲིས་པ་འདི་ལེགས་སོ་ཞུ་རྒྱུ་མིན། ད་ལྟ་ནི་དུས་རབས་ཉེར་གཅིག་པ་ཡིན་པས་ཁྲིམས་གཙོ་བོ་འཛིན་དགོས་པ་ལས་བཀའ་གཙོ་བོ་མ་རེད། དེའི་ཕྱིར་བྱིས་པའི་སེམས་ངོར་དུས་དང་བསྟུན་པའི་བག་ཆགས་འཇོག་དགོས།   སྤྱིར་ན་སྒྲུང་ལ་བརྗོད་བྱ་དངོས་དང་འབྲེལ་བ་ཡོད་མེད་ཅི་རིགས་ཡོད་ཀྱང། དེ་ནི་རྩོམ་གྱི་ཁྱད་ཆོས་དང་ཀློག་མཁན་གྱི་བསམ་བློ་ཁོ་ན་བསྟེན་ཡོད། ཉིད་ཀྱིས་བྲིས་པའི་སྒྲུང་དེས་ཚིག་རང་ལ་གོ་བ་བླངས་ན་རྔ་བ་རྔ་བ་ཞེས་མང་ཡང་གཞན་ལ་འབྲོག་པ་འབྲོག་རྐྱང་ལྟ་བུ་ཞིག་མཚོན་ཡོད། འོན་ཀྱང་དོན་དུ་རྔ་བ་ཞེས་པའི་མིང་འདི་ཆགས་ས་གཙོ་བོ་ནི་རོང་བའམ་ཞིང་བ་དང་འཚོ་བསྟེན་ནས་དང་རྩམ་པ་ཡིན།  དེའི་ཕྱིར། དཔེར་ན་དོན་འགྲུབ་རྒྱལ་གྱི་སྒྲུང་རྩོམ་རོང་འབྲོག་གང་ལ་བསྐོར་ན་ཡག་རྒྱུ་དེ་གནད་དོན་འདི་ན་ཡོད།  བཀུར་འོས་མཁས་གྲུབ་ལགས། ༼ཡོང་སྒོ་མེད་པར་ཁྱོད་ལྟ་བུ་བྱིས་སྒྲུང་དང་སྐད་ཡིག་གི་དོན་དུ་ལོ་མང་ཕྱག་ལས་གནང་མཁན་ནི་ངོ་མ་ཧ་ཅང་དཀོན་པོ་རེད།༽ དེའི་ཕྱིར་འདི་ནི་བསམ་ཚུལ་ཙམ་ལས་བསླབ་བྱ་དང་ཕྲག་དོག་རིགས་གཏན་ནས་མིན།  ཞེས་རྔ་རྒོད་ཀྱིས་༢༠༢༡/༡༡/༧་དབྱིན་ཡུལ་ནས་བྲིས། 

Topic: <<མཁས་སྒྲུབ་ཀྱི་བྱིས་སྒྲུང་པད་མཚོ>> བཀླགས་པའི་ཚོར་བ་དང་དཔྱད་མ་གཏམ།

No comments found.

New comment