<པདྨ་མཚོའི་འགྲན་རྩོད>>ཅེས་པ་བཀླགས་པའི་མྱོང་ཚོར།

 

ཨཱ་འཕགས་ལྷ་མོ། (རྫོང་སར།)

 

 བྱ་བ་ཅི་ཞིག་ལ་འཇུག་རུང་དེའི་སྐོར་ཕྱོགས་བསྡོམས་དང་མཇུག་འབྲས་རེ་མེད་པའི་ཚེ་ཧ་ཅང་ཡིད་ཕངས་པ་ཞིག་རེད། དེབ་རེ་བཀླགས་རྗེས་མྱོང་ཚོར་རེ་འབྲི་རྒྱུའི་གོམས་གཤིས་ཆགས་སོང་ན་ཀློག་པ་པོ་ཞིག་ལ་མཚོན་ན་དཔེ་ཡག་པོ་རེད། 

 ཐེངས་འདིར་གཡག་རྒོད་ཀྱི་བྱིས་པའི་དཔེ་དེབ་ནང་དུ་པདྨ་མཚོའི་སྒྲུང་གཏམ་ཞེས་པ་ཀློག་པའི་སྐལ་བ་བཟང་པོ་བྱུང། རྒན་ར་རྫ་འཇམ་དབྱངས་སྐྱིད་དང་གྲོགས་གཅེས་མ་འགའ་ཞིག་གི་རྒྱབ་སྐྱོར་དང་རེ་འདུན་འོག་བཀླགས་ཚོར་ཞེ་ལ་ཐིམ་པ་རེ་འབྲི་འདོད་སྐྱེས། དེ་ལྟར་ཡང་རང་ཉིད་ཤེས་བྱ་དང་ཉམས་མྱོང་ཞན་པའི་རྐྱེན་གྱིས་ཀློག་པ་པོའི་ཡིད་སེམས་འཕྲོག་པ་ཞིག་འབྲི་མི་ཐུབ་རུང་། རྩོམ་པ་པོ་ཁོང་ལ་རྒྱབ་སྐྱོར་གྱི་ཚུལ་དུ་ཅིག་འབྲི་ཁུལ་བྱེད་འདོད་སོང་། 

དེབ་འདི་མགོ་ནས་མཇུག་བར་ཐེངས་གཅིག་ཀློག་སྐབས། ཐོག་མའི་བག་ཆགས་ནི་དུས་ནམ་ཡིན་རུང་རང་གི་དགའ་ཕྱོགས་དང་ཕུགས་འདུན་གཏན་ནས་འབོར་མི་རུང་།  རྟག་པར་འབད་པ་དང་རྒྱུན་འཁྱོངས་བྱས་པའི་ཚེ།  མི་སུ་ཞིག་ཡིན་ཡང་རྒྱལ་ཁ་ཐོབ་པའི་ཉིན་ཞིག་ཡོད་ཁོ་ཐག་རེད་འདོད་པ་དེའོ།  །སྐྱེས་མའི་ལུས་བླངས་རུང་གཞན་ལས་དམན་པ་ཡིན་མི་དཔེ།  བུ་མོ་པདྨ་མཚོའི་དོན་དག་འདིས་ཀྱང་བོད་ཀྱི་བུ་མོ་གང་མང་ཞིག་ལ་ཞུམ་པ་མེད་པའི་དཔའ་སེམས་ཤིག་སྟེར་ངེས་རེད་སྙམ།  དེ་ནི་ཁོ་མོ་རྟ་རྒྱུག་འགྲན་བསྡུར་ལ་ཞུགས་ནས་བྱ་དགའ་ཨང་དང་པོ་ཐོབ་པ་དེ་ཙམ་ཞིག་གཏན་ནས་མ་ཡིན་པར།  གཞོན་ནུ་མ་པདྨ་མཚོ་ཡིས་བོད་གངས་ཅན་གྱི་སྐྱེས་མ་ཚོ་རྟ་རྒྱུག་ལ་ཞུགས་སྲོལ་མེད་པའི་གོམས་གཤིས་དེ་ལ་འགྱུར་བ་བཏང་བ་མ་ཡིན་ནམ།  ང་ཚོའི་སྡེ་པའི་ནང་དུ་ཕོ་མཆོག་མོ་དམན་གྱི་ལྟ་བ་དྲག་པོ་ཡོད་མེད་ངས་གསལ་བོར་ཧ་གོ་གི་མེད་མོད།  ཡིན་ཡང་ལས་ཁུངས་ནང་དུ་བུ་མོ་ཚོ་ལ་ལྷག་ཏུ་ལྟ་སྐྱོང་གིས་རི་མགོ་ལ་འགྲོ་དགོས་ཚེ་བུ་མོ་རྣམས་གཏན་ནས་མངག་གི་མ་རེད།  དེ་ནི་ཁོ་ཚོའི་དྲན་པའི་ངོགས་སུ་ང་ཚོ་ལ་དཔེ་མེད་བྱམས་སྐྱོང་གནང་བ་འདྲ་མོད།  མཚམས་ལན་རེར་དེ་འདྲའི་བསམ་ཤེས་དང་བསམ་བློ་འཁོར་ཐུབ་ཀྱི་མི་འདུགརྒྱུ་མཚན་ཅི་ཞིག་དབང་གིས་སྐྱེས་པ་དང་སྐྱེས་མའི་བར་ལ་ཁྱད་པར་དེ་འདྲ་གཏོད་དགོས་སོང་བ་ཡིན།  ངའི་སྐད་ཆ་འདི་གོང་རིམ་དཔོན་པོས་ཀློག་པའི་དབང་དུ་བཏང་ན། བུ་མོ་འདིར་བཟང་བྱས་ན། བཟང་ལན་ངན་འཇལ་བྱེད་ཅེས་དྲན་ན་ཐང་། ད་དུང་།  ང་དང་ལས་ཀ་མཉམ་ཞུགས་བྱས་པའི་སྐྱེས་པ་ཚོས་ངའི་སྐད་ཆ་འདི་མཐོང་ན།  སྐྱིད་ཟེར་བ་དེ་ངོས་ཟིན་གྱི་མི་འདུག་དྲན་ན་ཐང་མོད། ཧ་ཧ……མི་སེམས་ཟེར་བ་དེ་རྟོགས་ཐབས་བྲལ་བ་ཞིག་ཡིན་པ་རེད།  འདི་ནི་ངས་རང་གི་ཚོར་བ་ཙམ་གླེང་བ་ལས།  རང་གི་བསམ་ཕྱོགས་ལྟར་དུ་འགྲོ་ཐུབ་པའི་སྤོབས་པ་ག་ལ་ཡོད། 

དེ་ལྟར་ནའང་། པདྨ་མཚོ་ནི་དཔའ་སྤོབས་གཉིས་ལྡན་གྱི་བུ་མོ་ཞིག་ཡིན་པས་སྐྱེས་མ་རྣམས་ཀྱི་མིག་དཔེ་ལྟ་སའི་མཆོག་ཏུ་གྱུར་པ་ཞིག་རེད་འདོད།  རང་ལ་ཡང་དྲན་ཚུལ་དང་བསམ་ཚུལ་མེད་པ་མིན་ཏེ།  ལོ་ན་ཆུང་ལ་པྲ་ཚག་ཆེ་བའི་བུ་མོ་ངས་སྔོན་མར་བསམ་བློ་འདི་འདྲ་བཏང་མྱོང་།  རྗེས་ཕྱོགས་རང་དང་སེམས་པ་མཐུན་པའི་བུ་ཆུང་ཞིག་དང་གཞིས་འཁོར་བ་བཟུང་ནས་མངལ་ཆགས་པའི་དབང་དུ་བཏང་ན།  མི་མང་ཆེ་བའི་ཁ་སྒྲོས་བཞིན་དུ་བུ་ཅིག་ཡིན་ན་ཅི་མ་རུང་དྲན་ཡོང་ངམ།  ཡང་ན་བུ་མོ་སྙིང་རྗེ་བོ་ཞིག་ཡིན་ན་བསམ་འོང་ངམ།  ཞེས་ལན་མང་དྲན་མྱོང་རུང་།  དྲང་པོར་ཞུས་ན།  ང་ཡང་སྲོལ་རྒྱུན་གྱི་ལྟ་བ་དེ་ལས་ཐར་ཐུབ་མིན་ད་ལྟ་ཚོད་དཔག་དཀའ།  མང་མང་ཞིག་གོམས་སྲོལ་གྱི་དབང་དུ་ཤོར་ནས་བུ་མོ་ལས་བུ་སྐྱེས་ན་དགའ་གི་ཡོད་རེད།  དེ་ནི་ང་ཚོའི་སྲོལ་ལུགས་འདྲ་ཞིག་ཏུ་ཆགས་ཚར་འདུགསྤྱིར་ཡིན་ན་རང་གི་ཤ་ཁྲག་དང་ལུས་ཟུངས་ལས་མཆེད་པའི་བུ་ཕྲུག་ལ་ཁྱད་གཏད་ན་འགྲིག་རྒྱུ་མ་རེད་མོད། 

གལ་སྲིད་མ་འོངས་པར་ང་ལ་བུ་མོ་ཞིག་སྐྱེས་པ་ཡིན་ན། ཁོ་མོས་གནས་ལུགས་ཤེས་ཀྱང་བརྩོན་པ་དང་རྒྱུན་འཁྱོངས་མ་བྱས་ཚེ།  ངས་པདྨ་མཚོའི་སྒྲུང་འདི་བུ་མོར་ཆེད་དུ་ཐེངས་གཅིག་ཀློག་ཏུ་འཇུག་ངེས་ཡིན།  རང་གི་བུ་མོས་དབྱངས་གསལ་སོ་བཞིའི་གཟུགས་སུ་བཀོད་པའི་དེབ་འདི་ཀློག་ཐུབ་པའི་སྨོན་ལམ་ད་ནས་འཇགས་མེད་དུ་འདེབ་གི་ཡིན། 

སྒྲུང་གཏམ་འདི་ང་རང་གིས་བལྟས་ན་དཔེ་མེད་ཡག་པོ་བྲིས་འདུག དེའི་ཚིག་གོ་སླ་ཞིང་ནང་དོན་མདོར་བསྡུས་ཡིན་པར་མ་ཟད་མི་ལ་སེམས་ཤུགས་སྟེར་ཐུབ་པ་ཞིག་ཀྱང་ཡིན་པས།  རྩོམ་པ་པོ་ལ་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་ཞུ། 

              ༢༠༢༡ལོའི་ཟླ༡༡པའི་ཚེས༣ཉིན་བྲིས་པ་དགེའོ། ། 

 


 

 

Topic: <པདྨ་མཚོའི་འགྲན་རྩོད>>ཅེས་པ་བཀླགས་པའི་མྱོང་ཚོར།

No comments found.

New comment