wildyaks
Wildyaks
>
༄༅།།སྔོན་ཞིག་ལ་འདི་འདྲའི་དགེ་རྒན་ཞིག་ཡོད་སྐད།
༄༅།།སྔོན་ཞིག་ལ་འདི་འདྲའི་དགེ་རྒན་ཞིག་ཡོད་སྐད།
རྩོམ་པ་པོ། ལེན་ཏ·ཋོམ་སན།(Linda Thompson)
བསྒྱུར་མཁན། ཆུ་ལས་འབར།
སློབ་འགོ་ཚུགས་པའི་ཉིན་དང་བོར།ལྕམ་མོ་ཐམ་སན་(Thompson)གྱིས་ལོ་རིམ་ལྔ་བའི་སློབ་གྲོགས་ཚོའི་སྔུན་ནས་རྫུན་ཞིག་བཤད།མོས་སློབ་མ་ཚོར་ལྟ་བཞིན།མོ་འཛིན་གྲྭའི་སློབ་མ་སོ་སོར་ལྟ་ཚུལ་འདྲ་མཉམ་ཡིན་ཞེས་བཤད།འོན་ཀྱང་དེ་ནི་དཔེ་མི་སྲིད་པ་ཞིག་རེད་དེ།རྒྱུ་རྐྱེན་ནི་འདུག་སྟེགས་མདུན་གྲལ་དུ་ཡོད་པའི་བུ་ཆུང་མིང་ལ་ཐའེ་དིས་སི་ཐའོ་དར་དི་(Teddy Stodard)རུ་འབོད་པ་དེའི་སྟབས་ཀྱིས་ཡིན།ཐའེ་དིས་དང་སློབ་གྲོགས་གཞན་དག་མཉམ་དུ་རྩེད་འདྲིས་འགྲོ་མི་བཏུབ་པ་དང་།གྱོན་པ་རྙིང་ཧྲལ་ཡིན་ལ་ལུས་ཕུང་གྲལ་དག་མིན་པ་མ་ཟད།སློབ་གྲོགས་ཚོས་ཁོར་དགའ་བོ་མི་བྱེད་པ་ལྕམ་ཐམ་སན་གྱིས་རྒྱུས་ལོན་པས།མོས་ནམ་ཞར་དུ་ཁོའི་སྦྱང་ཚན་སྟེང་ནོར་རྟགས་དམར་བོ་གསལ་ལ་ཆེ་བ་དེ་དག་རྒྱག་པར་སྤྲོ་བོ་བྱེད་པ་རེད།
དུས་ཡུན་ག་ཤེད་ཅིག་གི་མཚམས་སུ།དགེ་རྒན་ཚོར་སློབ་གྲྭས་སློབ་མ་སོ་སོའི་འདས་ཟིན་པའི་དཔྱད་འཇོག་ཡི་གེ་ལ་བསྐྱར་ཞིབ་བྱེད་དགོས་པའི་བླང་བྱ་ཞིག་བཏོན།མོས་ཐའེ་དིས་ཀྱི་ཡིག་ཚགས་ལ་ལྟ་འདུན་མི་དྲག་པས་ཆེས་མཇུག་ཏུ་བསྐྱུར་ནས་བལྟས།འོན་ཀྱང་ཐའེ་དིས་ཀྱི་ཡིག་ཚགས་ལ་ལྟ་སྐབས་མོ་ཧ་ལས་ཧང་སངས་པར་གྱུར།
ལོ་རིམ་དང་བོའི་དགེ་རྒན་གྱིས།ཐའེ་དིས་ནི་བློ་རིག་བཀྲ་བའི་བྱིས་པ་ཞིག་རེད།ནམ་ཡང་འཛུམ་གྱིས་བཀཡོད།སྦྱང་ཚན་བྲིས་པ་ཤིན་དུ་གྲལ་དག་པ་དང་།གུས་ཞབས་ལྡན།ཁོས་ཉེ་འཁོར་གྱི་མི་ལ་ནམ་ཡང་སྤྲོ་བ་སྟེར་ནུས་ཞེས་བྲིས་ཡོད་འདུག
ལོ་རིམ་གཉིས་པའི་དགེ་རྒན་གྱིས།ཐའེ་དིས་ནི་འཛིན་གྲྭའི་སློབ་མ་རྩེ་འཕུད་ཀྱི་གྲས་ཡིན།སློབ་གྲོགས་ཚོས་ཁོ་ལ་དགའ་བོ་བྱེད་མོད།འོན་ཀྱང་ཁོར་སེམས་ཁྲལ་ཞིག་ཡོད།དེ་ནི་ཁོའི་ཨ་མ་ནད་ཀྱིས་མནར་ནས་གྲོངས་ལ་ཉེ་བས་རེད་ལ།ཁྱིམ་ཚང་གི་འབྱོར་བ་ཉམ་ཐག་རེད་འདུག་ཅེས་བྲིས་འདུག
ལོ་རིམ་གསུམ་པའི་དགེ་རྒན་གྱིས།ཨ་མ་གྲོངས་པས་ཁོའི་སེམས་ལ་རྨ་ཁ་ཟབ་མོ་བཟོས་འདུག ཁོས་རང་གི་ནུས་པ་རྩལ་དུ་སྤྲུགས་ནས་འབད་བརྩོན་བྱེད་བཞིན་ཡོད་མོད།ཁོའི་ཨ་ཕ་ནི་འགན་འཁྲིའི་འདུ་ཤེས་མེད་པའི་ཨ་ཕ་ཞིག་རེད།གལ་ཏེ་ད་ལྟ་ནས་ཐབས་བཀོད་ཅིག་མ་འཐེན་ཚེ།ཁོར་ཁྱིམ་ཚང་གི་ཤན་ཤུགས་ངན་པ་ཐེབས་སྲིད་པ་གདོན་མི་ཟའོ་ཞེས་བྲིས་འདུག
ལོ་རིམ་བཞི་བའི་དགེ་རྒན་གྱིས།ཐའེ་དིས་ཀྱི་རང་གཤིས་ཁེར་ཧྲེང་ཅན་ཡིན་པས།ད་ལྟ་ཁོ་སློབ་སྦྱོང་ལ་སྤྲོ་བ་མེད་པ་དང་གྲོགས་པོའང་མེད།མཚམས་མཚམས་སུ་སློབ་ཐུན་སྐབས་གཉིད་འགྲོ་ཡི་འདུག་ཅེས་བྲིས་འདུག
སྐབས་དེར།ལྕམ་ཐམ་སན་གྱིས་གནད་དོན་གྱི་འབྱུང་རྩ་ཤེས་ཚོར་བྱུང་བས།རང་ཉིད་ཀྱི་སྤྱོད་པ་ལ་ངོ་གནོང་བར་གྱུར།ཁི་རེ་སི་མའད་སི་(Christmas)དུས་ཆེན་ཐོན་སོང་།སློབ་མ་ཚོས་དུས་ཆེན་ལེགས་སྐྱེས་གནང་སྐབས།མོ་དེ་བས་ཀྱང་འགྱོད་གདུང་དང་ངོ་ཚས་གཙེ།སློབ་མ་ཚང་མའི་ལེགས་སྐྱེས་ལ་འོད་འཚེར་བའི་མདོག་ལྡན་ཤོག་བུས་ཕྱི་ཐུམ་དྲིལ་ཡོད་པ་མ་ཟད།སྟེང་དུ་མཛེས་སྡུག་ལྡན་པའི་ཤོག་ཁྲས་ཡག་ལས་ཀྱང་བྱས་འདུག་མོད།ཐའེ་དིས་ཀྱི་ལེགས་སྐྱེས་གཅིག་པུ་དེ་འདྲ་ཞིག་མ་ཡིན་ནོ།
ཁོའི་ལེགས་སྐྱེས་ནི་བཙོ་ཤོག་མཐུག་པོས་བཏུམས་ཡོད་ལ།བཙོ་ཤོག་དེའང་གཞན་པའི་དངོས་ཟོག་གི་ཕྱི་ཐུམ་ལས་བླངས་པ་རེད་འདུག ལྕམ་ཐམ་སན་གྱིས་ལེགས་སྐྱེས་ཕྱི་ཐུམ་ལས་ཕྱིར་འདོན་པར་དཀའ་ལས་ཨེན་ཙམ་བརྒྱབ་མོད་མཐར་ཕྱིར་བཏོན།
དེ་ནི་རྡོ་ཆུ་ཤེལ་གྱི་སོར་གདུབ་ཅིག་ཡིན་ལ་སྟེང་གི་རྡོ་ཆུ་ཤེལ་གཅིག་བོར་འདུག ད་དུང་བཞི་ཆའི་གཅིག་མ་གཏོགས་མེད་པའི་ཞིམ་རྫས་དམ་བུ་གཅིག་བཅས་འདུག སློབ་གྲོགས་རེ་འགས་འཕྱ་དམོད་ཀྱི་ཁྲེལ་དགོད་བྱེད་པ་ལྕམ་ཐམ་སན་གྱིས་འཕྲལ་དུ་བཀག་འགོག་བྱས་ནས།ཆུ་ཤེལ་སོར་གདུབ་དེ་ཡག་རབས་ཀྱི་བསྟོད་པ་བྱེད་བཞིན་རང་གི་སོར་མོར་བསྐོན།ལག་ངར་ལ་ཞིམ་རྫས་དེ་བྱུགས་ནས་ཞིམ་རབས་བཤད་པ་རེད།
ཉིན་དེའི་སློབ་གྲྭ་གྲོལ་རྗེས།ཐའེ་དིས་ཀྱིས་སྐད་ཆ་ཚིག་གཅིག་བཤད་རྗེས་གཞི་ནས་ཡུལ་ལ་ལོག
ལྕམ་མོ་ཐམ་སན་ལགས།དེ་རིང་ཉིད་ཀྱི་ལུས་སྟེང་གི་དྲི་མ་ངའི་ཨ་མ་དང་ཨ་ན་མ་ན་རེད་
ཟེར།
བྱིས་པ་ཚོ་ཡུལ་ལ་ལོག་རྗེས།ལྕམ་ཐམ་སན་ལགས་གཞུང་ཤག་ཏུ་མ་མཐའ་ཡང་དུས་ཚོད་གཅིག་གི་ཡུན་ལ་ངུས་ནས་ལུས།ཉིན་དེ་ནས་བཟུང་།མོས་དཔེ་ཀློག་དང་སྦྱང་ཚན་འབྲི་བ།བརྩི་རྒྱག་ཕྱོགས་ཀྱི་ཞིབ་འཇུག་ལས་ཀ་ཕར་གཡུག་ནས།བྱིས་པ་ཚོར་དོན་དམ་གྱི་སློབ་གསོ་ཇི་ལྟར་སྤྲོད་ལུགས་ལ་ཞིབ་འཇུག་བྱེད་འགོ་བརྩམས།ལྕམ་ཐམ་སན་གྱིས་ཐའེ་དིས་ལ་དོ་སྣང་ཤུགས་དྲགས་བྱེད་འགོ་བརྩམས།མོས་ཁོ་དང་མཉམ་དུ་སློབ་སྦྱོང་བྱེད་སྐབས།ཁོ་རྣམ་རིག་དྲག་ཏུ་རྒྱས་ལ།སྐུལ་མ་ག་ཙམ་བྱས་པ་དེ་ཙམ་གྱིས་ཁོའི་ཚུར་སྣང་དེ་ཙམ་སྐྱེན་པོར་གྱུར།
ལོ་དེའི་ལོ་མཇུག་ཏུ།ཐའེ་དིས་འཛིན་གྲྭའི་སློབ་མ་བཟང་ཤོས་སུ་གྱུར།མོས་འཛིན་གྲྭའི་སློབ་མ་སོ་སོ་ལ་འདྲ་མཚུངས་ཀྱིས་དགའ་ཞེས་བཤད་མྱོང་མོད།སྐབས་འདིར་ཐའེ་དིས་ཁོ་མོའི་"གཅེས་ཕྲུག་"གཅིག་པུ་ལ་གྱུར་ཡོད་དོ།།ལོ་གཅིག་གི་རྗེས་ནས།ལྕམ་ཐམ་སན་གྱིས་སྒོ་བར་ནས་ཤོག་བྱང་ཞིག་མཐོང་།དེ་ནི་ཐའེ་དིས་ཀྱིས་བཞག་པ་ཡིན་དེ།
ཁྱེད་ནི་ངའི་མི་ཚེ་ནང་འཕྲད་པའི་དགེ་རྒན་བཟང་ཤོས་དེ་ཡིན་
ཞེས་བྲིས་འདུག་གོ།ཡང་ལོ་དྲུག་འགོར་སོང་།ལྕམ་ཧམ་སན་ལ་ཐའེ་དིས་ཀྱི་ཤོག་བྱང་གཞན་ཞིག་འབྱོར།ཁོས་རང་ཉིད་མཐོ་འབྲིང་ནས་མཐར་ཕྱིན་པ་དང་།སྦྱང་འབྲས་འཛིན་གྲྭའི་ཨང་གསུམ་པ་ཐོབ་ཡོད་རབས་དང་།ཁོ་མོ་ནི་ནམ་ཡང་ཁོའི་མི་ཚེའི་ནང་འཕྲད་པའི་དགེ་རྒན་བཟང་ཤོས་དེ་ཡིན་ཞེས་བྲིས་འདུག
ལོ་མང་བོའི་རྗེས་ནས།ལྕམ་ཐམ་སན་ལ་འཕྲིན་ཡིག་ཅིག་འབྱོར།ཐེངས་འདིར་ཐའེ་དིས་ཀྱིས་བཤད་རྒྱུར།རང་ལ་འབུམ་རམས་པའི་བསླབ་གནས་ཐོབ་མོད།ཁོ་ད་དུང་མུ་མཐུད་དུ་སློབ་གྲྭ་ནས་སློབ་སྦྱོང་བྱེད་པར་སེམས་ཐག་བཅད་ཡོད་རབས་དང་།
ལྕམ་ཐམ་སན་ནི་ནམ་ཡང་ཁོའི་མི་ཚེ་ཁྲོད་ཀྱི་དགེ་རྒན་བཟང་ཤོས་ཡིན་
ཞེས་བྲིས་འདུག དེའི་རྗེས་ཀྱི་འཕྲིན་ཡིག་ཐོག་གི་ཐའེ་དིས་ཀྱི་མིང་ཇེ་རིང་དུ་སོང་ཡོད་པ་སྟེ།གསོ་རིག་འབུམ་རམས་པ་ཐེའོ་ཌོར་Fཐའེ་དིས་སི་དའོ་དར་དི་ཞེས་བྲིས་འདུག ལོ་དེའི་དཔྱིད་ཀར།ཡང་ཐའེ་དིས་ཀྱི་འཕྲིན་ཡིག་ཅིག་འབྱོར་བྱུང་།ཁོ་གཉེན་སྒྲིག་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་།ལྕམ་ཐམ་སན་གཉེན་སྒྲིག་སྟོན་མོར་མགྲོན་དུ་བོས་ཡོད་པ་མ་ཟད།མོ་ཐའེ་དིས་ཀྱི་ཨ་མའི་འདུག་གནས་སུ་བཞུགས་ཆོག་མིན་དྲིས་འདུག་གོ།
ལྕམ་ཐམ་སན་མགྲོན་པོར་སོང་བ་མ་ཟད།རྡོ་ཆུ་ཤེལ་གཅིག་བོར་སོང་བའི་ཆུ་ཤེལ་སོར་གདུབ་དེ་སོར་མོ་ནབ་ཡོད་ལ།ཐའེ་དིས་ཨ་མའི་ཞིམ་རྫས་ཀྱང་ཆེད་དུ་བྱུགས་ཡོད་འདུག སྐབས་དེར།དགེ་སློབ་གཉིས་ཕན་ཚུན་འཐམ་འཁྱུད་བྱེད་སྐབས།འབུམ་རམས་པ་སི་དའོ་དར་དིས་ལྕམ་ཐམ་སན་གྱི་རྣ་ལམ་དུ་ངག་འཇམ་པོས།
ལྕམ་ཐམ་སན་ལགས།ཁྱེད་ཐུགས་རྗེ་ཆེ།ཉིད་ཀྱིས་ང་མི་ངོ་མ་ཞིག་ཏུ་བཏང་བར་ཤིན་དུ་ཐུགས་རྗེ་ཆེ་
ཞེས་བཤད།ལྕམ་ཐམ་སན་གྱི་མིག་མཐའ་མཆི་མས་བརླན་ཡོད་ལ་ངག་འཇམ་པོས།
ཐའེ་དིས།ཁྱོད་ནོར་སོང་།ཁྱོད་ཀྱིས་ང་ལ་སློབ་གསོ་སྤྲད་སོང་།ཁྱོད་དང་འཕྲད་པས།ངས་དགེ་རྒན་ཞིག་ཇི་ལྟར་བྱེད་ཚུལ་ཤེས་སོང་
ཞེས་བཤད།
ནུབ་ཕྱོགས་པས་གཏམ་རྒྱུད་འདི་དགེ་རྒན་དང་སློབ་གསོ་ལག་ལེན་པ་ཡོངས་ལ་བརྒྱུད་སྒྲོག་བྱེད་ཀྱི་ཡོད་པར་གྲགས།
གཏམ་རྒྱུད་འདི་ལས་ང་ཚོས་དོན་དམ་གྱི་སློབ་གསོ་ངོ་མ་ནི་ག་འདྲ་ཞིག་ཡིན་པ་མཐོང་ཡོང་གི་མི་འདུག་གམ།འདིས་ནི་ཏན་ཏན་ང་ཚོ་ལ་དགེ་རྒན་བཟང་བོ་ཞིག་གི་འོས་འགན་བསྟན་བྱུང་དེ།མོས་དགེ་རྒན་ཞེས་པའི་མིང་འདི་ལ་བདག་པོ་འདི་ལྟར་བརྒྱབ་པ་དང་།དེ་བས་ཀྱང་རིན་ཐང་བྲལ་བ་ཞིག་ནི།མོའི་སེམས་རྒྱུད་ན་བྱམས་བརྩེའི་གཏམས་ཡོད་ལ།དེས་སྐུལ་ངོར་རླབས་ཆེ་བའི་དོན་དག་འདི་ལག་ལེན་གྱི་ངོས་ནས་འགྲུབ་པར་གྱུར་བ་རེད།
བྱིས་པ་ཞིག་ལ་མཚོན་ན།དགེ་རྒན་ནི་ག་འདྲའི་གལ་ཆེན་པོ་དང་།ཁོ་ཚོར་མཁོ་བ་ནི་དགེ་རྒན་གྱི་བྱམས་བརྩེ་རྣལ་མ་དེའོ།།
རྒྱུ་མཚན་ལྡན་པར་འདོད་ན།ཉིད་ཀྱིས་གཏམ་རྒྱུད་འདི་བརྒྱུད་སྐུར་གནང་རོགས།བཀའ་དྲིན་ཆེ།
གསལ་བཤད། རྩོམ་གྱི་ཁ་བྱང་བཅོས་ཡོད།
《ཨིན་ཡིག་བདམས་རྩོམ།》2002ལོའི་དེབ་དང་བོ་ལས་བཏུས།
རྩོམ་པ་པོ།ལེན་ཏ·ཋོམ་སན།༼Linda Thompson༽
རྩོམ་བྱང་།《ལྕམ་ཧམ་སན།》
སྤྱི་ལོ་༢༠༡༦-༡༠-༢༤ཉིན།
Menu
གློག་ཀླད་ལས་འཆར། Computer Project
བྱིས་སྐྱོང་བསླབ་བྱ།
སྐད་ཡིག་བསླབ་བྱ། Quotes
བསླབ་བྱ་གྲགས་ཆེན། Famous Quotes
ང་ཚོའི་སྐོར། About us
བྱིས་པའི་གླུ་གཞས། Children's songs
བྱིས་པའི་བརྙན་འཕྲིན། Videos
ཐ་སྙད་གསར་བ།new vocabulary
བོད་ཡིག་སྦྱོང་ས། Learning Tibetan
སྒྲ་ལྡན་བྱིས་སྒྲུང་། Stories on MP3
འདྲ་པར། Event Photos
ཚོང་ཁང་། Shopping
ལོ་རེའི་སྙན་ཐོ། Annual report
བྱ་འགུལ། Events
སྣ་ཚོགས། Variety
གཡག་རྒོད་དང་འབྲེལ་བའི་གསར་འགྱྱར། Wildyaks in the news
Search site
Search site
Contact
Administrator
416-453-9887
admin@wildyaks.com
Homepage
Site map
RSS
Print