༄༅།། སྤྱིར་ང་ཚོའི་ཁ་རྒྱུན་ལ། བྱིས་པ་ནི་མ་འོངས་པའི་བདག་པོ་ཡིན་ཞེས་པ་བཞིན། མ་འོངས་པའི་བདག་པོ་ཚོར་མཁོ་བའི་
སློབ་གསོའི་མཐུན་རྐྱེན་བསྐྲུན་རྒྱུ་དེ་ནི་འགྲོ་བ་མི་རིགས་ཀྱིས་མ་འོངས་པའི་བདེ་དོན་ལ་ཤ་ཚ་སྙིང་རྗེ་ཡོད་པའི་མི་ཚང་མའི་འོས་འགན་ཞིག་ཀྱང་ཡིན་པས་ན། ང་ཚོས་ཀྱང་སྒང་བ་བོད་པའི་སྤྱི་ཚོགས་ཡར་རྒྱས་དང་མ་འོངས་བདེ་དོན་གྱི་ཆེད་དུ་བྱིས་པའི་ཀློག་དེབ་ལས་འཆར་འདི་འགོ་འཛུགས་བྱས་པ་ཡིན་ཞིང་། ཞི་བདེ་དང་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་པར་འདོད་ན། ཀུན་སྤྱོད་སློབ་གསོའི་མ་ལག་འཛུགས་རྒྱུ་གཙིགས་སུ་འཛིན་དགོས་པ་དང་། ལྷག་པར་དུ་བྱིས་པའི་སེམས་ཁམས་སུ་ཡ་རབས་སྤྱོད་བཟང་གི་བག་ཆགས་བསྐྲུན་རྒྱུ་གལ་ཆེན་ཡིན་ཞིང་། བག་ཆགས་འདི་དག་བསྐྲུན་པར་དམངས་ཁྲོད་བྱིས་སྒྲུང་བསྡུ་བསྒྲིགས་དང་། གསར་རྩོམ། བོད་ཀྱི་ཀུན་སྤྱོད་སློབ་གསོ་དང་མཐུན་པའི་རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱི་བྱིས་སྒྲུང་ནང་འདྲེན་བྱེད་རྒྱུ་སོགས་ཧ་ཅང་གལ་ཆེན་དུ་བརྩི་བཞིན་ཡོད་པས། བོད་མིའི་སྤྱི་ཚོགས་དང་བོད་ཀྱི་བྱིས་པར་ཤ་ཚ་བའི་མི་
ཚང་མས་ཕྱར་གྲུ་མཉམ་འདེགས་བྱེད་རྒྱུ་ནི་ང་ཚོའི་རེ་བ་ཡིན།
གཡག་རྒོད་དང་བླངས་རྩོམ་སྒྲིག་ཚོགས་ཆུང་གིས ༢༠༡༢ ལོའི་སྤྱི་ཟླ ༡༠ བའི་ཚེས ༡ ལ།