གཏམ་རྒྱུད་བཀླགས་པའི་ཚོར་བ།

གཏམ་རྒྱུད་བཀླགས་པའི་ཚོར་བ།

གཏམ་རྒྱུད་བཀླགས་པའི་ཚོར་བ།

མཛངས་འཛུམ།  (ཛམ་ཐང་།)

བོད་ཀྱི་ས་ཕྱོགས་མང་ཆེ་བར་བུ་མོ་ཚོར་ཆུང་དུས་ནས་སེམས་ཤུགས་གཅོག་པའི་སློབ་གསོ་ལས་སེམས་ཤུགས་སྤར་བའི་སློབ་གསོ་གཏོང་སྲོལ་ཧ་ལམ་མེད།   དེ་བཞིན་དོན་དག་ཆེ་མ་ཆུང་གསུམ་གང་ཡིན་རུང་།   བུ་མོ་ཚོར་ཁ་ལག་མ་བསྲིངས་ན་འགྲིག་ཚུལ་རྒྱུན་པར་བཤད་ཀྱིན་ཡོད།   ཕྱོགས་གང་གི་ཐད་ནས་གླེང་རུང་།   བུ་མོ་ཚོར་དཀྲོལ་དཀའ་བའི་བཀག་རྒྱ་མང་པོ་ཡོད་པ་དངོས་གནས་དྲང་གནས་རེད།   

ཡིན་ཡང་། <<པདྨ་མཚོའི་འགྲན་རྩོད>>ཅེས་པའི་བརྩམས་སྒྲུང་ལས། ཁོ་མོ་བློ་སྤོབས་ཆེན་པོའི་སྒོ་ནས་བཀག་རྒྱ་ལས་ཐར་བར་མ་ཟད།   རྟ་རྒྱུག་འགྲན་བསྡུར་ཁྲོད་དུ་བྱ་དགའ་ཨང་དང་པོའང་བླངས།

ཇི་སྐད་དུ།   ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་གསེར་ཁྲིར་བདག་པོ་མེད་ཅེས་པ་ལྟར།  བུ་མོ་ཚོ་སྲོལ་ལུགས་ཁོ་ནའི་རྒྱ་རུ་ཚུད་དེ་དཔའ་ཞུམ་དང་གཉའ་སྒུར་བྱས་ནས་མི་སྡོད་པར་རང་ལམ་རང་འཚོལ་གྱི་ལམ་ཁ་ཞིག་ལ་འགྲོ་བའི་ལས་ལ་ཆག་མེད་དུ་འབད་ན་ནི།   བཀག་རྒྱ་རབ་དང་རིམ་པ་ལས་ཐོད་བརྒལ་ཐུབ་པ་བུ་མོ་པདྨ་མཚོ་ཡི་གཏམ་རྒྱུད་ལས་ཀྱང་བསྟན་འདུག་པ་མ་ཡིན་ནམ།

བརྩམས་སྒྲུང་འདིས་ང་ལ་དགའ་སྣང་དང་རེ་བ་ཞིག་སྦྱིན་སོང་།   དེ་བས། བུ་མོ་ཚོར་སེམས་ཤུགས་དང་སྒུལ་ཤུགས་སྟེར་བའི་བརྩམས་སྒྲུང་འདིའི་རིགས་རྩྭ་ཐང་དུ་ལུག་ཁྱུ་བཀྲམ་པ་ལྟར་བྱུང་ན་ཅི་མ་རུང་སྙམ་སོང་།

མཐར།   བརྩམས་སྒྲུང་དང་རི་མོ་གཉིས་ཀ་འབྲི་མཁན་གྱི་རྩོམ་པ་པོ་གཡག་རྒོད་ལགས་ལ་བཀའ་དྲིན་ཆེ་ཞུ་གི་ཡིན།

2021/11/3ཉིན།

 

《པདྨ་མཚོའི་འགྲན་རྩོད》ཅེས་པའི་བཀླགས་ཚོར་ཐུང་ངུ་།

         བཅོ་བརྒྱད་ལྷ་མོ།(ཁྱུང་མཆུ།)

 

སྐད་ཆ་བཤད་རྒྱུ་ནི་ཆེས་མ་མཐའི་ཐོབ་ཐང་དང་བདེན་པ་སྨྲ་བའི་ངག་སྒོ་ཞིག་སྟེ་རྩོམ་རིག་གི་སྒོ་འཕར་ཡངས་པར་འབྱེད་པས་ལྡེ་མིག་ཞིག་ཀྱང་ཡིན།

རྩོམ་འདི་ལ་རྟོག་བཟོ་མ་ཡིན་པའི་དངོས་ཡོད་འཚོ་བའི་སྣང་བརྙན་ལྡན་པས། རྒྱ་ཆེའི་ཀློག་པ་པོ་རྣམས་ལ་བསམ་གཞིག་གི་བར་སྟོང་ཞིག་བསྐྲུན་པར་སེམས།  

   སྒྲུང་གཏམ་འདི་ལས།   བུ་མོ་པདྨ་མཚོ་ལ་མཚོན་ན་ཆུང་དུས་ནས་རྟ་རྒྱུག་པའི་དགའ་ཕྱོགས་ཡོད་ཀྱང་།   མོ་རང་འགྲན་སྡུར་ལ་ཞུགས་པར་ཡུལ་མི་སྡེ་བ་ཚོས་བཀག་འགོག་བྱས།    མཐར་སྡེ་བ་འུ་ཐུག་ཐབས་ཟད་དེ་མོ་རང་འགྲན་སྡུར་ལ་ཞུགས་སུ་བཅུག   དེ་ནས་རྒྱལ་ཁ་ཐོབ་ཀྱང་བྱ་དགའ་སྦྱིན་པར་འཐད་པ་མ་བྱུང་བ་སོགས་ཀྱི་སྟེང་ནས་བུ་མོ་ཚོར་འདྲ་མཉམ་མེད་པ་མཐོང་ཐུབ།  སྒྲུང་གཏམ་འདིའི་ཐོག་མཐའ་བར་གསུམ་དུ་བུ་མོ་པདྨ་མཚོའི་དགའ་ཕྱོགས་སམ་མི་ཚེ།   ལས་དབང་།    སྤྱི་ཚོགས་གནས་བབ་སོགས་ང་ཚོར་གནས་ལུགས་མང་པོ་ཞིག་སྟོན་གྱི་འདུག     

བུ་མོ་འདིའི་གཏམ་རྒྱུད་ལས་ཀྱང་གནས་ལུགས་མེད་པའི་སྲོལ་རྒྱུན་རེ་ཟུང་དང་རྙིང་ཞེན། བག་འཁུམ།  རྙིང་བ་ཐམས་ཅད་ལྷ་ཡི་སྲོལ་དུ་བརྩིས་ནས་གནས་ལུགས་དང་མི་མཐུན་པའི་བྱ་བར་ཨུ་ཚུགས་མཁྲེགས་འཛིན་བྱེད་ཀྱིན་པ་མཐོང་ཐུབ།  རྩོམ་པ་པོས་བསྟན་པ་དེ་བཞིན་དུ།   བུ་མོ་འདི་དང་འདི་འདྲ་བ་མང་པོ་ཞིག་རང་ཉིད་ཀྱི་དགའ་ཕྱོགས་དང་ཕུགས་བསམ་སྒྲུབ་པར་རྒྱབ་སྐྱོར་མེད་པའི་སྤྱི་ཚོགས་ཤིག་ཏུ་ཚུད་ཅིང་།  ཐོབ་ཐང་མེད་པ། བཙོག་པར་བལྟ་བ།     མཐོང་ཆུང་དང་ཟུར་ཟའི་ཁྲོད་དུ་འཚོ་བ་སྐྱེལ་གྱི་ཡོད།  

དེ་བཞིན་གནས་ལུགས་དང་ཁུངས་ལུང་ཅི་ཡང་མེད་པར་བུད་མེད་ཚོས་འདི་བྱེད་མི་ཉན་ལ། གན་ཡང་ལས་མི་རུང་ལ་སོགས་པའི་མང་པོ་ཞིག་གིས་བུད་མེད་ཚོ་ལད་དུ་འཇུག་གི་ཡོད།  

སྟོན་པའི་ཆོས་གཞུང་ལས་གསུངས་མེད་པ་གསར་བཟོ་བྱས་ནས།   བུད་མེད་ཅིག་ཡིན་ན་ཕོ་ལས་དམན་པར་བརྩི་བའི་སྲོལ་ངན་དེ་དག་རྒྱུན་བསྲིངས་ནས།    བུད་མེད་ཀྱི་ཁེ་དབང་ལ་གནོད་སྐྱོན་ཚབས་ཆེན་བཟོ་གི་ཡོད།

མཁས་པས་དཔྱད་ན་དོན་ཟབ།  །བླུན་པོས་བལྟས་ན་དོན་གོ། ཞེས་པའི་བྱིས་སྒྲུང་འདི་ལ་མཚོན་ན་ཧ་ཅང་ལྟ་རིན་ཡོད་པ་དང་བློ་བསྐྱེད་མི་དམན་པ་ཐེབས་པ་ཞིག་ཡིན་པས།   རྩོམ་སྒྲིག་པ་པོ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུའོ།   །

 

Topic: གཏམ་རྒྱུད་བཀླགས་པའི་ཚོར་བ།

No comments found.

New comment