wildyaks
Wildyaks
>
དཔེ་ཀློག་འཆར་ཟིན།
དཔེ་ཀློག་འཆར་ཟིན།
དྲུག་དཀར། (ཟི་ལིང་།)
རིས་སྒྲུང་གིས་སྔར་བཞིན་ལོ་ངོ་བཞི་བཅུར་སོན་པའི་ཁོ་མོའི་དང་བ་འདྲེན། རི་མོ་དང་ཡི་གེ་བསྡེབས་ནས་ཡོད་པས། གཏམ་རྒྱུད་ཀྱི་བྱུང་རིམ་ལ་འཕྱོ་འཇགས་ཡོད་མེད་ཇི་ལྟར་ཀྱང་། བརྗོད་བདེ་ལ་གཏིང་ཟབ་བའི་ཤུགས་བསྟན་དག་རི་མོའི་གསེང་ལ་གབ་ནས་འདུག ཡིད་སེམས་དབང་མེད་འགུག་པའི་གཏམ་རྒྱུད་ཅིག་གམ། སྣང་བ་ཀུན་ནས་འདྲེན་པའི་མི་སྣ་དང་དོན་དག་ཅིག ཡང་ན་མཛེས་ཤིང་ལྟ་ན་སྡུག་པའི་རི་ཀླུང་དང་མཚོ་མཚེའུ། ངོ་མཚར་ཀུན་གྱིས་ཕྱུག་པའི་གཟའ་སྐར་གྱི་འཆར་ནུབ། མཛེས་སྡུག་རྣམ་པར་རྒོད་པའི་མེ་ཏོག་དང་ལྗོན་ཤིང་། དུད་དེ་འགྲོ་ཞིང་འཕུར་ནས་བསྐྱོད་པའི་གཅན་གཟན་དང་འདབ་ཆགས་སོགས་སྤྲོ་སྣང་ལྡན་པའི་གཏམ་རྒྱུད་སྣ་ཚོགས་ཏེ། མདོར་ན་བསམ་གཞིག་དང་ཀུན་རྟོག་གི་འདབ་ལག་རྐྱོང་ཐུབ་པའི་ཁྱབ་ཁོངས་གང་དེ། རིས་དེབ་ཀྱིས་ཚོན་མདངས་རྣམ་པར་བཀྲ་བའི་ཁ་དོག་ལ་བརྟེན་ནས་མཚོན་ཐུབ། ཡི་གེས་མཚོན་ཐབས་མེད་པའི་མཛེས་སྡུག་དེ་ཁ་དོག་གིས་མཚོན་ཐུབ་ཅིང་། མིག་གིས་འཛིན་ཐབས་མེད་པའི་བསམ་གཞིག་དང་བརྩེ་བ་སོགས་ཡི་གེས་དགྲོལ་ཐུབ། ཡི་གེ་ཉུང་ཞིང་སྐད་ཁམས་ཕུན་སུམ་ཚོགས་པ་དང་། རི་མོ་སླ་ཞིང་སྟབས་བདེ་ཡིས་ཀུན་རྟོག་འཕྲོ་ཡུལ་ཆེ་རུ་བསྐྱེད་པ་མི་བཟང་ངམ། དཔེར་ན། ཉི་ཧོང་གི་ཏན་ཌ་ཀོ་ས་ཀེ
1
(ཡི་གེ)དང་། ཨི་མོ་ཏོ་ཡོ་ཀ
2
(རི་མོ)ཡི《ལྟ་ལེན་སྲེ་བོ་ཡི་རྨི་ལམ》
3
ལྟ་བུ། ད་རུང་ཉི་ཧོང་གི་རིས་སྒྲུང་འབྲི་མཁན་ཕུལ་དུ་བྱུང་བ་ཀོ་ནི་ཤི་ཡ་སུ་ན་རི
4
ལགས་ཀྱི《གཏུམ་འབྲུག་སྐོར་གྱི་མུ་འབྲེལ》ལྟ་བུ། འདི་ནི་མི་རྒན་ངའི་མཐོང་སྣེ་འཚག་སེལ་ཁོ་ན་ཡིན་གྱི་གཞན་མིན་ནོ། །གཅིག་ཏུ་ན། ང་རང་མི་སྒེར་གྱི་དགའ་ཕྱོགས་དེ་བྱིས་པའི་བག་ཆགས་ལ་བསྒོས་པས། བྱིས་པ་ཡང་རིས་སྒྲུང་ལ་དགའ་བར་མ་ཟད། ཁོས་རང་ཉིད་ཀྱི་ཀུན་རྟོག་དང་དགའ་ཕྱོགས། དངོས་ཡོད་འཚོ་བའི་ཁྲོད་ཀྱི་ཉམས་མྱོང་གཞིར་བཟུང་སྟེ་མཇུག་འབྲས་སྣ་ཚོགས་ལ་སྔོན་དཔག་བྱེད། ལན་རེར་བྱིས་པའི་ཕུན་སུམ་ཚོགས་པའི་ཀུན་རྟོག་གིས་ཧང་སང་བར་བྱེད་ཅིང་། རང་གི་རྫི་མེད་སྣང་ཆུང་དང་། ཐབས་ཆག་སླ་བཅོས་ཀྱི་བྱ་སྤྱོད་ཀྱིས་བྱིས་པའི་ཀུན་རྟོག་གི་འདབ་གཤོག་ལ་རྨས་སྐྱོན་ཕོག་དོགས་ཀྱི་སེམས་ཚེགས་ཤིན་ཏུ་ཆེ། མིག་སྔར་དོགས་འཚེར་ཆེས་ཆེ་ས་ནི་ཇི་ལྟར་མ་བསླད་པའི་བྱིས་བློར་སྲུང་སྐྱོབ་བྱ་རྒྱུ་དེ་རེད།
《པདྨ་མཚོའི་འགྲན་རྩོད》ཅེས་པ་ནི་མིག་སྔར་ངས་བཀླགས་པའི་སྤུས་ཚད་མཐོ་ཤོས་ཀྱི་ཕ་སྐད་རིས་སྒྲུང་དེབ་ཅིག་ཡིན། དེའི་སྟེང་གི་རི་མོ་དག་ལས་ས་ཁོངས་རང་བཞིན་དང་། མི་རིགས་རང་བཞིན་མངོན་པར་གསལ། ཡི་གེ་བསྡུས་ཤིང་གནད་འདུས། གཏམ་རྒྱུད་ལས་ང་ཚོའི་མི་རིགས་ཀྱི་བས་མཐའི་བསམ་གཞིག་གཏོང་སྟངས་མངོན། ཕྱི་རོལ་གྱི་འཇིག་རྟེན་ཇི་ལྟར་འགྱུར་རུང་། ང་ཚོའི་ཕ་ཡུལ་གྱིས་སྔར་བཞིན་རང་གི་དག་གཙང་བསྲུངས་ནས་ཡོད་ཅིང་། རང་བྱུང་ཁམས་ཀྱིས་བསྐྲུན་པའི་དྭངས་ཤིང་གཙང་བའི་མཁའ་དབུགས་དང་རྩྭ་ཆུ། དེར་བཟུང་བའི་དད་གུས་ཀྱི་བསམ་པ་འགྱུར་མེད། དེ་བཞིན་དུ་ཤ་རུས་ཀྱི་གཏིང་ལ་ཟུག་པའི་འདུ་ཤེས་འཛིན་སྟངས་ཏེ། ཕོ་མཆོག་མོ་དམན་གྱི་ལྟ་ཚུལ་ལའང་འགྱུར་བ་བྱུང་མེད། སོ་སོས་བློས་མི་དཔོག་པ་ཞིག་ལ། མཐོ་རིམ་སློབ་གསོ་མྱངས་པའི་བུད་མེད་དག་གི་ཁྲོད་ནའང་འདུ་ཤེས་དེ་འདྲ་ཅན་འདུག འདི་ནི་མི་སྒེར་གྱི་གནད་དོན་ཡིན་ནམ། ལོ་རྒྱུས་ཀྱིས་བཞག་པའི་རིག་གནས་རྒྱུད་རྒྱུ་ཡི་གནད་དོན་ཡིན་ནམ། མདོར་ན། འདི་དག་ཐམས་ཅད་བུད་མེད་རང་ངོས་ནས་རྩོད་ལེན་བྱེད་དགོས་པ་ལས་གཞན། རང་གི་ཉེ་འཁོར་གྱི་གྲོགས་པོ་སྐྱེས་ཕོ་རྣམས་དང་། ཁྱོ་ག བྱིས་པ་ཚུན་ཆད་ལ་ཕོ་མོའི་ཐོབ་ཐང་འདྲ་མཉམ་ཡིན་པའི་བསམ་བློའི་ཁ་དོག་བསྒོ་དགོས། མ་འོངས་པར་རང་གི་བུ་བསམ་པའི་དོན་འགྲུབ་ཀྱང་བུ་མོ་སུ་ཞིག་གི་དགའ་རོགས་དང་། བུད་མེད་སུ་ཞིག་གི་ཁྱོ་གབྱིས་པ་གང་ཞིག་གི་ཕ་རྒན་ལ་འགྱུར་ངེས་པས། རང་གི་ཉེ་འཁོར་ནས་མགོ་རྩོམ་དགོས། དེས་ན། ངས་བུ་དང་མཉམ་དུ《པདྨ་མཚོའི་འགྲན་རྩོད》ལ་བལྟ་དགོས་ཤིང་། ད་ནས་བྱིས་པར་བུད་མེད་ལ་བརྩི་བཀུར་བྱེད་དགོས་པའི་སློབ་གསོ་སྤྲོད་དགོས། ཆུ་ཐིགས་རྟག་ཏུ་འབབ་པ་ཡིས། །བྲག་གི་རི་བོ་འབིག་ལ་ལྟོས། །ཞེས་པ་བཞིན། བུ་ཆུང་མ་འོངས་པར་སྐྱེས་པ་ལེགས་བྱང་ཅན་ཞིག་ལ་འགྱུར་བའི་རེ་བ་འཛིན་གི་ཡིན། འདི་ནི་ངེད་མ་བུ་གཉིས་ཀྱིས་དེབ་དེ་ངེས་པར་བཀླག་དགོས་པའི་རྒྱུ་རྐྱེན་གཅིག་ཡིན་ལ། དེབ་དེའི་རིན་ཐང་མངོན་དུ་གྱུར་པའང་རེད།
2021/11/8ཉིན་གཞན་གྱིས་བསྒྱུར།
Topic: དཔེ་ཀློག་འཆར་ཟིན།
No comments found.
New comment
Name
Subject
Comment
Please copy this text: 71813b459edd
Menu
གློག་ཀླད་ལས་འཆར། Computer Project
བྱིས་སྐྱོང་བསླབ་བྱ།
སྐད་ཡིག་བསླབ་བྱ། Quotes
བསླབ་བྱ་གྲགས་ཆེན། Famous Quotes
ང་ཚོའི་སྐོར། About us
བྱིས་སྐྱོང་སློབ་གསོའི་མན་ངག་གཅེས་བཏུས།
བྱིས་པའི་གླུ་གཞས། Children's songs
བྱིས་པའི་བརྙན་འཕྲིན། Videos
ཐ་སྙད་གསར་བ།new vocabulary
བོད་ཡིག་སྦྱོང་ས། Learning Tibetan
སྒྲ་ལྡན་བྱིས་སྒྲུང་། Stories on MP3
འདྲ་པར། Event Photos
ཚོང་ཁང་། Shopping
ལོ་རེའི་སྙན་ཐོ། Annual report
བྱ་འགུལ། Events
སྣ་ཚོགས། Variety
གཡག་རྒོད་དང་འབྲེལ་བའི་གསར་འགྱྱར། Wildyaks in the news
Search site
Search site
Contact
Administrator
416-453-9887
admin@wildyaks.com
Homepage
Site map
RSS
Print