པདྨ་མཚོའི་འགྲན་བསྡུར་ལས་འཕྲོས་པའི་གཏམ།

ལ་སྟོད་ཚེ་རིང་། (དིང་རི།)

 

རྒན་གཡག་རྒོད་ལགས།  ཁམས་བཟང་། ཤོག་ལྷེ་ཉེར་བཞིས་གྲུབ་པའི་ཁྱེད་ཀྱི་སྒྲུང་ཐུང་པདྨ་མཚོའི་སྐོར་འདི། སྙིང་ཉེ་བའི་རྒན་འཇམ་དབྱངས་སྐྱིད་ལགས་ཀྱིས་འོས་སྦྱོར་བྱས་པ་བརྒྱུད། ཀློག་གིན་ཀློག་གིན་ངའི་ཕ་ཡུལ་གྱི་བུད་མེད་ཀྱི་གནས་སྟངས་བཤད་ཡོང་བ་ལྟ་བུའི་ཚོར་བ་ཞིག་སྐྱེས་འོང་།  དེར་བརྟེན་ཞལ་ཚོགས་མི་མྱོང་བའི་དགེ་རྒན་ཁྱེད་དང་བློ་ཉེ་བའི་ཚོར་བ་ཞིག་བྱུང་།   

  ང་རང་ནི་ད་ལྟ་བོད་ལྗོངས་སློབ་ཆེན་དུ་ཞིབ་འཇུག་སློབ་མ་འདོན་བཞིན་པའི་གཙང་ལ་སྟོད་ཀྱི་བུ་མོ་ཞིག་ཡིན།  ང་ལ་མཚོན་ན། ཞིབ་འཇུག་སློབ་མའི་སློབ་གནས་འདི་དང་མིང་དོན་མཚུངས་པར་འགྱུར་བའི་རིག་པའི་གཞུང་ལུགས་སྣ་ཚོགས་ཀྱི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་གཞན་ལ་ངོམས་རྒྱུ་ཅང་མེད།  ཡིན་ན་ཡང་།   ངས་རང་ཉིད་གཅིག་ནས་བོད་ཀྱི་བུད་མེད་ཀྱི་བདེ་སྡུག་ལ་དོ་ཁུར་བྱེད་མཁན་ཞིག་དང་།  གཉིས་ནས་བོད་ཡིག་སྦྱོང་མཁན་གྱི་བོད་མི་ཤིག་ཡིན་པའི་སྟེང་ནས་དུས་དང་རྣམ་པ་ཀུན་ཏུ་སུམ་རྟགས་ནས་བརྩིས་པའི་རྩོམ་རིག་དང་ལོ་རྒྱུས།  ཚད་མ།  སྒྲ་རིག་པ་སོགས་ལ་གང་ནུས་ཅི་ལྕོགས་ཀྱིས་འབད་པ་ལྷོད་མེད་བྱེད་བཞིན་ཡོད།  ངའི་འདུན་པ་ཆེ་ཤོས་དང་དམིགས་པ་གསལ་ཤོས། བློ་ཁ་བརྟན་ཤོས། གོམས་ལོབས་ཆེ་ཤོས་སུ་ཆགས་ཡོད་པ་ནི།  རང་གི་ཕ་ཡུལ་གྱི་བུད་མེད་གཙོས་པའི་བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་བུད་མེད་ཀྱི་གནས་སྟངས་ཐད་ལ་དོ་འཁུར་དང་། དེ་བཞིན་ལོ་རྒྱུས་ཁྲོད་ཀྱི་བུད་མེད་དང་རྩོམ་རིག་ཁྲོད་ཀྱི་བུད་མེད།  རྒྱལ་ཕྱི་རྒྱལ་ནང་གི་བུད་མེད་དང་བོད་ཀྱི་བུད་མེད་དབར་གྱི་ཁྱད་པར་སོགས། གང་ལྟར་དཔེ་ཆ་ག་གེ་མོ་ཞིག་ནས་བུད་མེད་དང་འབྲེལ་བའི་སྐོར་ཞིག་མཐོང་ཚེ།  ངས་ལམ་སེང་དོ་སྣང་བྱེད་ཤོར་བའི་གོམས་གཤིས་ཤིག་ཆགས་ཡོད།

ངའི་ཕ་ཡུལ་ནི་དབུས་གཙང་གཉིས་ཀྱི་ནང་ནས་གཙང་གཞིས་རྩེར་རྫོང་བཅོ་བརྒྱད་ཡོད་པའི་ནང་གི་གཙང་ལ་སྟོད་དིང་རི་ཞེས་པ་རྗེ་བཙུན་མི་ལའི་མགུར་ནང་མཐོང་མང་བ་དང་།  བལ་ཡུལ་འབྲེལ་མཚམས་ཀྱི་མཐའ་མཚམས་ཁུལ་གྱི་ལུང་ཁུག་འདི་ནས་ཡིན།  ངའི་ཕ་ཡུལ་ལ་དུས་དེང་སང་ཡང་སྔ་མོའི་སྲོལ་རྒྱུན་གྱི་ལུགས་སྲོལ་མང་པོ་ཞིག་དུས་རབས་ཀྱི་འཕོ་འགྱུར་གྱི་འགྲོས་དང་མི་མཐུན་པར་བུད་མེད་མང་པོ་ཞིག་ལ་སྲོལ་རྒྱུན་ལྟ་ངན་གྱིས་བཀག་རྒྱ་ཐེབས་པ་མངོན་སུམ་དུ་རིག་རྒྱུ་ཡོད་པས།  ངས་པདྨ་མཚོའི་སྙིང་རུས་ལ་དགའ་མགུ་དང་།  སྒྲུང་གི་མཇུག་འབྲས་ལ་ཡང་མོས་པོ་བྱུང་།

པདྨ་མཚོ་ལ་ཕ་མ་དང་སྡེ་བའི་མི་ཡིས་རྟ་རྒྱུགས་ལ་ཞུགས་མི་ཆོག་པའི་བཀག་རྒྱ་ཐེབས་པ་ལྟར། ངའི་ཕ་ཡུལ་ལ་ཡང་ཟུར་མང་པོ་ནས་མཐོང་ཐོས་སུ་ཡོད་པ་ནི། ༡.ཕ་ཡུལ་གྱི་བུད་མེད་རྣམས་འཕྲུལ་འཁོར་གཏོང་མི་ཆོག་པ། གལ་ཏེ་ཁྱིམ་དུ་བུད་མེད་དེའི་ཕ་དང་བཟའ་ཟླ། བུ། གཅེན་པོ་དང་གཅུང་པོ་སོགས་ཀྱི་སྐྱེས་པ་ཡོད་བཞིན་དུ་འཕྲུལ་འཁོར་བཏང་ན། སྐྱེས་པ་འདི་རྣམས་གང་མགྱོགས་འཆི་རྒྱུའི་རྣམ་རྟོག་སློང་བ་འདྲ་བར་ཕོ་ཟད་མོ་ལ་ཐུག་པའི་ལྟ་བས་འཕྲུལ་འཁོར་རྐང་འཁོར་དང་འཕྲུལ་རྟ། མོ་ཊ་སོགས་གཏོང་མི་ཆོག  ༢.བུད་མེད་ཀྱི་ལས་དང་གོས་ལ་སྐྱེས་པས་ལག་པ་རེག་མི་ཆོག་པ།  གལ་ཏེ་བུད་མེད་ཀྱི་འཐག་ཁྲི་སོགས་ལ་ལག་པ་རེག་ན་སྐྱེས་པའི་དབང་ཐང་ཉམས་འགྲོ་བར་བཤད་པ།  ༣.བཙན་ཤེད་ཀྱིས་གཉེན་སྒྲིག་དང་ཤུག་གཅིག་ཁྱོ་མང་གི་རྣམ་པ་ད་ལྟ་ཡང་མང་པོ་ཡོད་པ།  ༤.དུས་ཆེན་སོགས་རྟེན་འབྲེལ་གྱི་ཆོ་ག་གང་རུང་ལ།  སྐྱེས་པ་ཚོ་གྲལ་མགོར་སྡོད་པ་དང་།  བུད་མེད་ཚོ་གྲལ་གཤམ་དུ་སྡོད་དགོས་པ། ༥.སྐས་འཛེགས་དང་རི་སོགས་ལ་འཛེག་དུས་བུད་མེད་ཀྱི་རྗེས་ལ་སྐྱེས་པ་འཛེགས་ཡོང་ན་སྐྱེས་པའི་དབང་ཐང་ཉམས་པ་སོགས།  དིང་རིའི་བུད་མེད་ཀྱི་གནས་བབ་ཧ་ཅང་དམའ་ལ།  ཨ་མ་འདྲ་བའི་དིང་རིའི་བུད་མེད་མང་པོར་རྩིས་ཐང་དང་།  དྲང་བཞགའདྲ་མཉམ་མེད་པའི་རྣམ་པ་མང་པོ་མིག་གིས་མཐོང་ཞིང་རྣ་བས་ཐོས་དུས་ངའི་སེམས་ལ་ན་ཟུང་ལངས་པ་ཐེངས་གཅིག་མིན།  ཡིན་ན་ཡང་གནས་སྟངས་འདི་ལྟ་བུ་ཞིག་དིང་རིའི་སྐྱེས་པ་ཚོའི་ངོས་ནས་བརྗོད་ནས་ཆེས་རྒྱུན་གཏན་གྱི་རྣམ་པ་ཞིག་ཏུ་བརྩི། 

 ངའི་ཕ་ཡུལ་དིང་རི་ཙམ་མིན་པའི་བོད་མིའི་ལེགས་ཉེས་གཉིས་ལྡན་གྱི་སྲོལ་རྒྱུན་རིག་གནས་ཁྲོད་ལས།  སྲོལ་རྒྱུན་གྱི་ཉེས་པའི་ཆ་ཡི་ཆེས་སྟུག་པའི་བག་ཆགས་དང་འདུ་ཤེས་དེ་ཚོར་འགྱུར་བ་ཤུགས་ཆེ་ཤོས་ཐེབས་སུ་འཇུག་མཁན་ནི་མཚན་སྙན་ཆེ་བའི་བླ་མ་ཁོ་ན་ཡིན།    

ཁོང་གི་སྐད་ཆ་དེ་ནི་ཁོང་གཅིག་པུས་གསུངས་པ་ཞིག་མིན་པར། གཏམ་དེ་ང་ཚོའི་ལུང་པའི་མི་མང་པོས་བཤད་སྲིད་པའི་གཏམ་ཞིག་རེད།  གཏམ་དེ་ཚོས་བུད་མེད་ཅིག་རྟ་རྒྱུགས་ལ་ཞུགས་འདོད་ཀྱི་སྤོབས་དང་འདེང་ལ་འགོག་རྐྱེན་བཟོ་བར་བྱེད། 

 མཇུག་ཏུ།  དགེ་རྒན་ཁྱེད་ཀྱིས་བུད་མེད་ཀྱི་བདེ་སྡུག་མཚོན་པའི་སྒྲུང་དེབ་འདི་བརྩམས་གནང་བར་དྲིན་ཆེ་ཞུ་རྒྱུ་ཡིན་ལ།  ཁྱེད་ལྟ་བུའི་སྐྱེས་པ་ཞིག་གིས་བུད་མེད་ཚོའི་གནས་སྟངས་ཀྱི་སྟེང་ནས་འདི་ལྟར་ལས་ཡོད་པ་ནི་ང་ཚོ་བུད་མེད་ཚོར་གནང་བའི་སེམས་ཀྱི་དྲོད་ཁོལ་དང་རེ་བ་ཡིན། 

༢༠༢༡ལོའི་ཟླ༡༡པའི་ཚེས༡༠ཉིན། 

Topic: པདྨ་མཚོའི་འགྲན་བསྡུར་ལས་འཕྲོས་པའི་གཏམ།

No comments found.

New comment