wildyaks
Wildyaks
>
པདྨ་འཚོའི་འགྲན་རྩོད་ལས་འཕྲོས་པའི་མྱོང་ཚོར།
པདྨ་འཚོའི་འགྲན་རྩོད་ལས་འཕྲོས་པའི་མྱོང་ཚོར།
ལས་ཀ་དང་དུས་ཚོད་གཉིས་ཀྱིས་རང་དབང་མ་སྤྲད་པས་རྒན་གཡག་རྒོད་དང་ཁོང་གི་བུ་བརྟན་འཛིན་གཉིས་ཀྱིས་བརྩམས་པའི་པདྨ་མཚོའི་འགྲན་རྩོད་ཅེས་པའི་བྱིས་སྒྲུང་དེ་དེ་རིང་མ་གཏོགས་ཞིབ་མོ་ཞིག་བཀླགས་མ་ཐུབ། བྱིས་སྒྲུང་དེ་བཀླགས་རྗེས་རང་གི་སྣང་ངོར་མྱོང་ཚོར་ཞིག་མི་ཐབས་མེད་དུ་གྱུར་སོང་། མི་ལ་ལས་བྱིས་སྒྲུང་འདི་ཡག་པོ་འདུག འདིས་བྱིས་པ་ཚོར་དཔེ་ཆ་བཀླག་རྒྱུའི་མོས་པ་བསྐྲུན་ཐུབ་ཅིང་ལྷག་པར་དུ་བུད་མེད་ཚོར་སེམས་ཤུགས་སྤྲོད་ཐུབ་ས་རེད་འདོད་ནའང་ངས་བཀླགས་པའི་མྱོང་ཚོར་ལྟར་ན། དཔེ་ཆ་འདི་བྱིས་སྒྲུང་ཙམ་མ་ཡིན་པར་ང་ཚོ་མི་ཆེན་ཚོའི་བསམ་བློ་རྗེས་ལུས་ཡིན་པ་དང་དོན་མེད་སར་བྱིས་པ་མང་བོ་ཞིག་གི་མི་ཚེའི་མདུན་ལམ་ལ་བར་ཆད་བཟོ་བཞིན་འདུག་པའི་གནད་དོན་འགའ་བྲིས་ན་འདི་ལྟར་སྙམ །
༡ པདྨ་མཚོས་ཕ་མ་གཉིས་ལ་རྟ་རྒྱུག་འགྲན་སྡུར་ལ་ཞུགས་ཆོག་པའི་རེ་བ་ཞུས་དུས། ཕ་མ་གཉིས་ཀྱིས་ཁྱིམ་མཚེས་དག་དང་གཉེན་ཉེ་སོགས་ལ་གྲོས་བསྡུར་བྱ་དགོས་ཞེས་པ་དེ་དང་འདྲ་བའི་གནད་དོན་མང་བོ་ཞིག་ང་ཚོའི་འཚོ་བའི་ནང་བྱུང་དང་འབྱུང་བཞིན་པ་རེད། རང་གི་བུ་ཕྲུག་རང་གིས་སྐྱོང་དགོས་ལ་བུ་ཕྲུག་གི་འཇོན་ཐང་ཕ་མ་གཉིས་ཀྱིས་ཤེས་དགོས་པ་ཞིག་ཡིན་པ་ལས། བུ་ཕྲུག་གི་ལས་དབང་ཁྱིམ་མཚེས་དང་གཉེན་ཉེ་ཚོའི་ལག་ཏུ་བཞག་ན་ཕ་མས་རང་གི་བུ་རྒྱུད་ལ་འགན་མ་ཁུར་བ་ཞིག་ཡིན་པར་འདོད། དེ་ལས་ཀྱང་ཐབས་སྐྱོ་བ་ཞིག་ནི་བུ་དང་བུ་མོའི་བཟའ་ཟླ་ཡང་ཕ་མ་དང་གཉེན་ཉེ་སོགས་ཀྱིས་ཐག་གཅོད་བྱེད་པ་དེ་རེད། སྤྱིར་བྱ་བ་ཆེ་ཆུང་ཅི་ཞིག་ཡིན་ཡང་དང་པོ་གཞན་གྱི་བསམ་ཚུལ་བསྡུས་ཏེ་མཐར་ཐག་གཅོད་བྱེད་མཁན་བུ་ཕྲུག་རང་ཉིད་ཡིན་ན་བཟང་སྙམ །
༢ ཁྱིམ་མཚེས་དང་གཉེན་ཉེ་ཚོས་གྲོས་བསྡུར་བྱས་རྗེས། པདྨ་མཚོ་ལ་རྒྱབ་སྐྱོར་རྒྱུ་ཕར་ཞོག བུ་མོ་ཞིག་ལ་བུ་མོའི་ལས་ཀ་ཞིག་ཡོད་ཟེར་ཏེ་ཁོ་མོའི་འདོད་ཐོག་ཏུ་མ་བཞག་པའི་གནད་དོན་འདི་ལྟ་བུ་ང་ཚོའི་སྤྱི་ཚོགས་ནང་ཧ་ཅང་མང་བོ་ཞིག་ཡོད། བུ་མོ་ཚོས་མི་ཤེས་ལ་བུ་མོ་ཚོས་སྒྲུབ་ཐུབ་ནི་མ་རེད་རྐྱང་རྐྱང་ཟེར་བཞིན་བསྡད་ན། རང་ཉིད་ཀྱི་ཨ་མའི་བཀའ་དྲིན་ཡང་རྡོག་བརྫིས་བཏང་བ་མ་ཡིན་ནམ། རྒྱུ་མཚན་ནི་ང་ཚོར་འཇིག་རྟེན་འདིར་བདེ་སྐྱིད་ལོངས་སུ་སྤྱོད་པའི་གོ་སྐབས་བཟང་བོ་འདི་འདྲ་སྩོལ་མཁན་ནི་ཨ་མ་ཡིན་པས་སོ། སྤྱིར་རྒྱབ་སྐྱོར་མེད་པའི་མི་སུ་ཡིན་ཡང་ཡར་རྒྱས་སུ་འགྲོ་རྒྱུ་ཧ་ཅང་དཀའ་མོ་རེད། དཔེར་ན། ཕྱི་ལོ༢༠༡༥ལོའི་ཟླ༡༡པའི་ཚེས༢༣ཉིན་འཇར་མན་གྱི་ཚགས་ཤོག་སྐད་གྲགས་ཅནSPIEGEL(མེ་ལོང) ཞེས་པ་དེས་ཕྱི་ལོ༢༠༡༢ལོར་ཞིབ་འཇུག་བྱས་པ་ལྟར་ན། བུ་མོ་ཚོའི་གྲངས་རིག་སྦྱངས་འབྲས་བུ་དག་ལས་ཞན་པའི་རྒྱུ་མཚན་གཙོ་བོའང་བུ་མོ་ཚོར་རྒྱབ་སྐྱོར་བྱེད་མཁན་ཉུང་བས་རྐྱེན་ཡིན་པ་ལས་བུ་མོ་ཚོའི་རིག་སྟོབས་བུ་ལས་ཞན་པ་མ་ཡིན་ཅེས་བའི་རྒྱུ་མཚན་ཞིག་བཀོད་འདུག ཁོང་ཚོས་བུ་མོ་ཚོར་རྒྱབ་སྐྱོར་བྱས་པའི་རྒྱུགས་འབྲས་དང་རྒྱབ་སྐྱོར་མ་བྱས་པའི་རྒྱུགས་འབྲས་ལ་ཞིབ་འཇུག་བྱས་པ་རེད། འདི་ནས་ཤེས་དགོས་པའི་རྒྱབ་སྐྱོར་བྱེད་སྟེངས་ཞིག་ནི། དཔེར་ན། ཕ་མ་དང་གཉེན་ཉེ་སུ་ཡིན་རུང། བུ་མོ་ཚོ་ལ། ཁྱེད་ཀྱི་ལུས་སྟོབས་ལྟོས་བཅས་ཀྱིས་བུ་ཚ་དང་བསྡུར་ན་ཅུང་ཞན་མོད། འོན་ཀྱང་སློབ་སྦྱོང་བྱེད་པ་དེ་ཤེས་རབ་ལ་བརྟེན་པ་ལས་གཟུགས་པོའི་སྟོབས་ཤུགས་ལ་བརྟེན་མི་དགོས་པས། བུ་དག་གིས་སྦྱོང་ཐུབ་པ་ཞིག་ཡིན་ན་ཁྱེེད་ཚོས་ཀྱང་སྦྱོང་མི་ཐུབ་པ་ཞིག་ཡོད་མི་སྲིད། ནམ་ཡང་ང་ཚོ་ཚང་མ་མི་ཡིན་པ་གཅིག་མཚུངས་རེད་ཟེར་དགོས་པ་དེ་ཧ་ཅང་གལ་ཆེན་རེད། ང་ཚོས་གནའ་སྔ་མོ་མི་རིགས་ནག་པོ་དག་གིས་རང་གི་བུ་མོ་ཨ་རི་ལ་བྲན་གཡོག་ཏུ་བཙོང་བ་ལྟར་བྱས་ན། རང་གི་ཁྱིམ་ཚང་དང་མི་རིགས་ལའང་གནོད་སྐྱོན་ཆེན་པོ་བཟོས་པ་མ་ཡིན་ནམ།
༣ དེ་ལས་ཀྱང་དགོད་བྲོ་བ་ཞིག་ནི་རྟ་རྒྱུག་ལ་ཕམ་ཁ་ཉོས་རྗེས། རང་ཉིད་ཀྱི་མིང་དང་རྒྱུ་ནོར་སོགས་ཀྱི་ཆེད་དུ་ཡུལ་མིའི་གོམས་སྲོལ་ཏེ ། བུ་མོ་གཞན་དག་ལ་མིག་དཔེ་ངན་པ་འཇོག་སྲིད་ཟེར་བ་སོགས་ཚང་མ་དོར་ཏེ། པདྨ་མཚོ་རྟ་རྒྱུག་འགྲན་བསྡུར་ལ་ཞུགས་སུ་བཅུག་པ་དེ་རེད། ནམ་རྒྱུན་རྣམ་རྟོག་ཅི་འདྲ་ཟ་མཁན་ཞིག་ཡིན་ནའང་དཀའ་ངལ་ཅུང་ཙམ་ཞིག་ལ་ཐུག་དུས། ཡོད་ཚད་དོར་མཁན་ཡང་ཁོ་ཚོ་རེད། དེ་ཡང་རྣམ་རྟོག་ཟ་མཁན་དེ་ཚོར་རྒྱུ་མཚན་ཡང་དག་པ་ཞིག་མེད་པའི་རྐྱེན་ཡིན་པར་འདོད། ཧ་ཧ་ཧ་ ་ ་
༤ མཐར་པདྨ་མཚོས་ཨང་དང་པོ་བླངས་རྗེས། ཕམ་ཁ་ཁུར་བའི་རྟ་བདག་དག་གིས་ཕྲག་དོག་བྱས་པ་དེ་ནི་དངོས་གནས་བྱེད་ཐབས་སྐྱོ་བོ་རེད་སྙམ། རྒྱུ་མཚན ། འདས་པའི་ངོ་ལོ་སྟོང་ཕྲག་གོང་ནས་ད་ལྟའི་བར་དུ་ང་ཚོའི་བོད་པ་དག་གིས་ཕན་ཚུན་ལ་ཕྲག་དོག་དང་གཡོ་སྒྱུ་སྣ་ཚོགས་འཁྲབ་པས་ང་ཚོ་ད་ལྟའི་ཡ་ང་བའི་གནས་སྟངས་འདི་འདྲ་ལ་འཕྲད་པ་མ་ཡིན་ནམ། དེ་བས་ང་ཚོས་ཕམ་ཁ་གང་ཞིག་ཁུར་བའི་རྗེས་སུ ། རང་ཉིད་ཡར་རྒྱས་གཏོང་བའི་ཐབས་ལམ་འཚོལ་དགོས་པ་ལས། རྩོད་པ་བསླངས་ཏེ་བུའི་བཟང་ངན་བསྡུར་ན ། མཐར་རང་གཞན་གཉིས་ཀྱིས་ཕམ་ཁ་འཁུར་བ་ལས་གཞན་འབྲས་བུ་གང་ཡང་མེད་པར་མ་ཟད ། བྱེད་ཐབས་འདིས་ང་ཚོའི་ཡུལ་སྲོལ་གོམས་གཤིས་ཡག་པོ་དེའང་བསྒྱུར་བ་མ་ཡིན་ནམ ། ད་དུང་བཤད་རྒྱུ་ཧ་ཅང་མང་བོ་ཡོད་ཀྱང་ཚང་མས་ཤེས་རྒྱུ་རེད་བསམ་ནས་གསལ་འདེབས་ཙམ་གྱི་ཚུལ་དུ་ད་དེ་ཙམ་བྱ།
༥ འདི་ནི་རང་ཉིད་ཀྱི་བསམ་ཚུལ་ཙམ་ཡིན། རྒྱུ་མཚན་མེད་པའི་རྩོད་གླེང་གི་རྗེས་སུ་བླ་མ་ཞིག་གདན་འདྲེན་ཞུས་པ་དེ་རེད། བྱིས་སྒྲུང་འདིའི་ནང་བླ་མ་ལ་གུས་པ་ཡོད་ཚུལ་བསྟན་ཡོད་ཀྱང་ང་ཚོའི་འཚོ་བའི་ཁྲོད་དུ་བླ་མ་ལ་ནང་ཆོས་ཞུ་རྒྱུ་ལས། བཟའ་ཟླ་གཉིས་མ་མཐུན་པའི་སྐབས་བླ་མ་གདན་འདྲེན་ཞུ་རྒྱུ་དང་ཟ་ཁང་ཞིག་གི་སྒོ་འབྱེད་སྐབས་ཀྱང་བླ་མ་གདན་འདྲེན་ཞུ་བ ། རྟ་རྒྱུག་འགྲན་སྡུར་ཡིན་ནའང་དེ་དང་དེ་བཞིན་རེད། དེ་ལྟར་བྱས་ཚེ་གཞོན་སྐྱེས་རྣམས་ཀྱི་སྣང་ངོར་བླ་མ་ཞེས་པའི་མཚན་ཙམ་གླེང་དུས་དེ་ནི་གྲོང་པའི་ཁྲིམས་དཔོན་ཙམ་ཡིན་པ་ལས་ནང་ཆོས་ཞུ་ས་ཡིན་པ་ཚོར་མི་ཐུབ་པ་ལྟ་བུར་འགྱུར་ངེས་ཤིང་།དེ་ལས་ཀྱང་ཚབས་ཆེ་བ་ནི་མཚམས་རེར་བླ་མས་ཐག་བཅད་པ་དེས་ཕན་འབྲས་མ་ཐོན་པ་དང་ལྟ་ཕྱོགས་འདྲ་མིན་བྱུང་དུས ། མཐར་དད་ལོག་སྐྱེ་མཁན་ཡང་ཧ་ཅང་མང་བའི་དངོས་ཡོད་དཔེ་མཚོན་ལྟ་བུའོ །
རྒྱལ་རོང་བརྩོན་འགྲུས་ཀྱིས།
ཕྱི་ལོ་༢༠༢༡ལོའི་ཟླ༡༢ཚེས༢༤ཉིན་ཞོགས་པ་དུས་ཚོད་གཉིས་དང་སྐར་མ་དགུའི་སྟེང་དུ་འཇར་མན་ནས་བྲིས།
Topic: པདྨ་འཚོའི་འགྲན་རྩོད་ལས་འཕྲོས་པའི་མྱོང་ཚོར།
No comments found.
New comment
Name
Subject
Comment
Please copy this text: 68f3e7fd2047
Menu
གློག་ཀླད་ལས་འཆར། Computer Project
བྱིས་སྐྱོང་བསླབ་བྱ།
སྐད་ཡིག་བསླབ་བྱ། Quotes
བསླབ་བྱ་གྲགས་ཆེན། Famous Quotes
ང་ཚོའི་སྐོར། About us
བྱིས་སྐྱོང་སློབ་གསོའི་མན་ངག་གཅེས་བཏུས།
བྱིས་པའི་གླུ་གཞས། Children's songs
བྱིས་པའི་བརྙན་འཕྲིན། Videos
ཐ་སྙད་གསར་བ།new vocabulary
བོད་ཡིག་སྦྱོང་ས། Learning Tibetan
སྒྲ་ལྡན་བྱིས་སྒྲུང་། Stories on MP3
འདྲ་པར། Event Photos
ཚོང་ཁང་། Shopping
ལོ་རེའི་སྙན་ཐོ། Annual report
བྱ་འགུལ། Events
སྣ་ཚོགས། Variety
གཡག་རྒོད་དང་འབྲེལ་བའི་གསར་འགྱྱར། Wildyaks in the news
Search site
Search site
Contact
Administrator
416-453-9887
admin@wildyaks.com
Homepage
Site map
RSS
Print