བུ་ཆུང་དང་མཉམ་དུ༼པདྨ་མཚོའི་འགྲན་རྩོད༽ཅེས་པའི་བྱིས་སྒྲུང་བཀླགས་པ།
དབལ་བཟའ་ནོར་འཛིན་དབང་མོ།
གུས་པར་འོས་པའི་དབལ་ཤུལ་མཁས་གྲུབ་ལགས། ཁྱེད་ཀྱིས་བརྩམས་པའི་བྱིས་སྒྲུང༼པདྨ་མཚོའི་འགྲན་རྩོད༽ཅེས་པའི་དེབ་ཆུང་དེ་ངེད་ཅག་གི་ལག་ཏུ་འབྱོར་བྱུང་བས། ཐལ་མོ་སྙིང་ཁར་སྦྱར་ཏེ་ཁྱེད་ལ་བཀའ་དྲིན་ཆེ་ཞུ། ཁྱེད་ཀྱིས་ལོ་ལ་ལོ་དང་ཟླ་ལ་ཟླ་མཐུད་ནས། དཀའ་མོའི་ཚེགས་དང་དཀོན་མོའི་རྒྱུ་ལ་མ་འཛེམས་པར། ལྷག་བསམ་འོ་མཚོ་ལས་འཁྲུངས་པའི་རྔུལ་ཆུའི་ཐིགས་པ་རེ་རེ་མ་འོངས་དང་ད་ལྟར་གཉོམ་ལག་རྒྱས་བཞིན་པའི་གངས་ལྷའི་ཁྱུ་ཚོགས་ཀྱི་ལུས་ངག་ཡིད་གསུམ་ལ་མཆོད་པར་འབུལ་བཞིན་ཡོད་པ་དེ་ཀུན་གྱི་མིག་ལམ་དུ་འོད་ལམ་ལམ་འཚེར་བཞིན་གདའ།
ད་ཐེངས་ཡང་ཁྱེད་ཀྱི་ལྷག་བསམ་འོ་མའི་རྒྱ་མཚོ་ལས་འཁྲུངས་པའི༼པདྨ་མཚོའི་འགྲན་རྩོད༽ཅེས་པའི་བྱིས་སྒྲུང་དེ་སྤྱི་ཚོགས་སུ་བཀྲམ་པར། ཐོག་མར་དེ་ལ་བཀྲ་ཤིས་བདེ་ལེགས་ཀྱི་རྟེན་འབྲེལ་ཞུ།
སྒང་པ་བོད་པའི་གཏམ་དཔེ་ལ། ཟས་ཅི་ཟོས་ཟེར་ན་འདི་ཟོས་དང་། ས་གར་སོང་ཟེར་ན་འདིར་སོང་ཟེར་བའི་དཔེ་དེ་དཔེ་ཀློག་ལ་སྦྱར་ནས་བཤད་ན། དཔེ་ཆ་གང་ཞིག་ཀློག་པ་པོའི་སྤྱན་ལམ་དུ་བཀྲམ་པ་ན། གང་གིས་སེམས་ཚོར་ཞིག་འབྲི་དགོས་པ་སྨོས་མེད་ཡིན་ལ། དེའང་སེམས་ཀྱི་རྒྱགས་ཕྱེ་ལྟ་བུ་ཞིག་ཏུ་བརྩིས་ཆོག ཡིན་ནའང་། བདག་ནི་ལེ་ལོ་དང་སྒྱུད་ལུག་གི་དབང་དུ་སོང་ནས། དུས་ཚོད་ཡུན་རིང་ཞིག་ལ་བྱིས་སྒྲུང་འདི་བཀླགས་པའི་སེམས་ཚོར་ཞིག་ཀྱང་ཡི་གེར་བཀོད་མ་ཐུབ། དེ་རིང་བཀླགས་ཚོར་གང་ཞིག་འབྲི་བར་འདོད་ནས་གློག་ཀླད་ཀྱི་རྩར་བསྡད་དེ་བྱིས་སྒྲུང་འདི་ཐེངས་དུ་མར་བཀླགས་མོད། ཡིན་ནའང་། བརྗོད་བྱ་དང་རྗོད་བྱེད། རི་མོ་སོགས་གང་གི་ཐད་ནས་ཀྱང་བདག་གིས་སེམས་ཚོར་དམིགས་བསལ་བ་ཅི་ཡང་འབྲི་རྒྱུ་མ་རྙེད། དེ་བས་བསམ་བློ་ཡང་ཡང་བཏང་མཐར། བྱིས་སྒྲུང་ཞིག་ཡིན་པ་ལ་ཐོག་མར་བྱིས་པའི་བློ་ཁ་དང་འཚམ་ཞིང་འཚར་ལོངས་ལ་ཕན་དགོས་པ་ཞིག་ཡིན་པས། བུ་ཆུང་དང་མཉམ་དུ༼པདྨ་མཚོའི་འགྲན་རྩོད༽ཅེས་པའི་བྱིས་སྒྲུང་དེ་བཀླགས་པ་ལས་བྱུང་བའི་ཁ་བརྡ་ཐུང་ཐུང་ཞིག་ཡི་གེར་བཀོད་ན། ངའི་སེམས་ཚོར་ཉག་ཉོག་ལས་བྱིས་བློ་གཙང་མ་འདི་ལ་རིན་ཐང་ལྡན་ཤས་ཆེ་སྙམ་པས། ངེད་མ་བུ་གཉིས་ཀྱིས་བྱིས་སྒྲུང་འདི་བཀླགས་པའི་ཁ་བརྡ་ལ་ཕྱིར་དྲན་ཞིག་བྱས་ཏེ་ཡི་གེར་བཀོད་པ་གཤམ་གསལ་ལྟར།
ཨ་མ། ཨ་མའི་གཅེས་ཕྲུག་འདིར་ཤོག་དང་། དེ་རིང་འུ་གཉིས་ལ་བྱིས་སྒྲུང་གསར་བ་ཞིག་ཡོད་པས། དེ་མཉམ་དུ་ཅིག་ཀློག་ཨེ་རེད།
བུ་ཆུང་། ༼པདྨ་མཚོའི་འགྲན་རྩོད༽ ཨ་མ། དཔེ་ཆ་འདི་གང་ནས་ཉོས་པ་ཡིན། ལྷ་རྒྱལ་གླིང་དཔེ་ཁང་ན་ཡོད་དམ།
ཨ་མ། གཅེས་ཕྲུག ལྷ་རྒྱལ་གླིང་ན་ཉོ་རྒྱུ་མི་འདུག དཔེ་ཆ་འདི་ཨ་ཁུ་མཁས་གྲུབ་ཀྱིས་ཁྱོད་ལ་སྦྱིན་པ་རེད། ཨ་ཁུ་གསོན་པོར་བསྐུར་འདུག
བུ་ཆུང་། ཨོ་ཧོ་ཧོ། ཨ་ཁུ་གསོན་པོ། ཅི་འདྲའི་མིང་མཚར་པོ་ཞིག་རེད་ད། རི་མོ་འདི་ཨ་ཁུ་མཁས་གྲུབ་ཀྱིས་བྲིས་པ་ཨེ་རེད།
ཨ་མ། རེད། ཚང་མ་ཨ་ཁུ་མཁས་གྲུབ་ཀྱིས་བྲིས་པ་རེད། བྱིས་སྒྲུང་འདི་ནི་ཨ་ཁུ་མཁས་གྲུབ་ཁོ་རང་གི་ཕ་ཡུལ་རྔ་བའི་ཡུལ་གྱི་བུ་མོ་པདྨ་མཚོའི་བྱིས་དུས་ཀྱི་ལོ་རྒྱུས་ཤིག་རེད།
བུ་ཆུང་། ཨ་མ། རྔ་བ་ཟེར་ན་ཨ་ཁུ་ཉི་མ་ཚང་ཡོད་ས་དེ་ཨེ་རེད།
ཨ་མ། རེད་ཡ། རྔ་བ་ན་ཨ་ཁུ་ཉི་མ་ཚང་ལས་གཞན་ད་དུང་སུ་ཚང་ཡོད་པ་རེད།
བུ་ཆུང་། ཅུང་སྡོད་དང་ཨ་མ། ངས་ཨ་ཁུ་ཉི་མ་ཚང་གི་བོད་ཁྱིམ་མགྲོན་ཁང་དེ་ཅིག་བཙལ་དང་།
ཨ་མ། གཅེས་ཕྲུག ཨ་ཁུ་ཉི་མ་ཚང་གི་བོད་ཁྱིམ་མགྲོན་ཁང་དེབ་འདིའི་ཐོག་ན་ཡོད་ནི་མ་རེད། པདྨ་མཚོ་ནི་རྔ་བའི་འབྲོག་སྡེ་ཞིག་ལས་ལག་ཆགས་པ་རེད། རྔ་བ་ན། ཨ་ཁུ་ཉི་མ་ཚང་ལས་གཞན་འུ་གཉིས་ལ་ངོ་ཤེས་ཨེ་ཡོད་ད།
བུ་ཆུང་། ཡོད་ནི་རེད། ཨ་ནེ་འཛམ་ལྷ་ཚང་། ཨ་ཁུ་རྟ་མེ་ཚང་། དེ་མིན་ད་མི་དྲན་གི།
ཨ་མ། ཧེ་ཧེ། རེད་ཡ། ཨ་ནེ་འཛམ་ལྷ་ཚང་ལ་ཨ་ཁུ་ཟླ་བ་ཚང་ཟེར་དགོས་པ་རེད། དེ་མིན་ཨ་བུ་ན་རོ་བཙན་དང་ཨ་བུ་ཐུ་བྷོད་བཙན་གཉིས་ཀའང་ཡོད་པ་རེད། ད་དུང་ཨ་ཁུ་ཕུན་ཚོགས་ཚང་ཨེ་དྲན་གི།
བུ་ཆུང་། འོ་རེད་ཡ། དྲན་གི སྒོ་མང་གྲོང་རྡལ་དུ་ཡོད་པ་དེ་ཚང་ཨེ་རེད།
ཨ་མ། རེད། གཅེས་ཕྲུག
བུ་ཆུང་། ད་འུ་གཉིས་ཀྱིས་དཔེ་ཆ་འདི་ཀློག་ཨེ་རེད།
ཨ་མ། ཡ་ཡ།
བུ་ཆུང་། ཨ་མ། པདྨ་མཚོ་འབྲོག་པ་ཞིག་ཡིན་ནི་ཨེ་རེད། རྔ་བ་རྫོང་ཐོག་ན་མེད་ཀི་ཨེ་ན།
ཨ་མ། རེད། མ་ལོ། རྔ་བ་རྫོང་ལ་རོང་འབྲོག་གཉིས་ཀ་ཡོད་པ་རེད། འུ་ཅག་རྒྱུན་དུ་རྔ་བ་རྫོང་ཐོག་ཏུ་འགྲོ་བ་ལས་པདྨ་མཚོའི་ཕ་ཡུལ་འབྲོག་སར་འགྲོ་མྱོང་ཡོད་མ་རེད།
བུ་ཆུང་། ཨ་མ། པདྨ་མཚོ་ང་ལས་ཆེ་བ་ཞིག་ཨེ་རེད་ད། ངས་ཅིག་ལྟ་དང་།
ཨ་མ། རེད། ཨ་ཁུ་མཁས་གྲུབ་ཀྱིས་གནའ་སྔ་མོ་ཞིག་ལ་ཁོ་ཚོའི་སྡེ་བའི་ནང་དུ་པདྨ་མཚོ་ཟེར་བའི་ཞི་མོ་སྐྱ་རྩལ་ཅན་ཞིག་ཡོད་པ་དེ་ཆུང་ཆུང་ཡིན་དུས་ཀྱི་ལོ་རྒྱུས་ཡི་གེ་དང་རི་མོར་ཕབ་པ་རེད།
བུ་ཆུང་། དེས་ན་མོ་ངའི་ཨ་ཅེ་ཨེ་རེད།
ཨ་མ། ཧེ་ཧེ། རེད། ཨ་ཅེ་པདྨ་མཚོ་ནི་རྟ་རྒྱུག་བྱེད་རྒྱུར་ཧ་ཅང་དགའ་བའི་བུ་མོ་ཆུང་ཆུང་ཞིག་རེད། ལོ་རེར་ཁོ་ཚོ་སྡེ་བས་རྟ་རྒྱུག་འགྲན་སྡུར་བྱེད་སྐབས་མོ་རང་རྟ་རྒྱུག་ལ་ཞུགས་འདོད་ཀྱང་། སྐབས་དེར་བོད་པའི་སྤྱི་ཚོགས་སུ་ཞི་མོ་ཚོ་རྟ་རྒྱུག་ལ་ཞུགས་པའི་སྲོལ་མེད་པས་མོའི་གཉེན་ཉེ་དང་ཡུལ་སྡེ་ཚོས་མོ་ལ་རྟ་རྒྱུག་འགྲན་སྡུར་བྱེད་དུ་འཇུག་མི་སྲིད།
བུ་ཆུང་། ཅིའི་ཕྱིར་ཞི་མོ་ཚོ་རྟ་རྒྱུག་འགྲན་སྡུར་དུ་ཞུགས་སུ་མི་འཇུག་པ་རེད།
ཨ་མ། ཁོ་ཚོའི་སེམས་སུ་ཞི་མོ་ཚོས་ཁྱིམ་ལས་བྱེད་པ་དང་འབྲི་མོ་བཞོ་བ་ལས་ཞི་ལུ་ཚོ་ནང་བཞིན་རྒྱུན་དུ་རྟ་རྒྱུག་བྱེད་པ་དང་མདའ་རྩེད་བྱས་པ་ཡིན་ན། ཁྱིམ་ལས་ལས་མཁན་སོགས་མེད་པར་འགྱུར་བར་དོགས་པ་ཡིན་རྒྱུ་རེད་ལ།
བུ་ཆུང་། དེ་ན། པདྨ་མཚོ་རྟ་རྒྱུག་བྱེད་དུ་འགྲོ་སྐབས། མོའི་ཕུ་བོ་ཚོས་ཁྱིམ་ལས་ལས་ན་མི་ཆོག་གམ།
ཨ་མ། ཆོག་ད་ཆོག་ནི་རེད་དེ། ཡིན་ནའང་ཁོ་ཚོས་རྒྱུན་དུ་ཁྱིམ་ལས་ལས་མ་མྱོང་བས་ཤེས་ནི་མ་རེད།
བུ་ཆུང་། འོ་འོ། ཕུ་བོ་ཚོས་ཁྱིམ་ལས་ལས་རྒྱུ་དང་འབྲི་བཞོ་རྒྱུ་སྦྱོང་ན་མི་ཆོག་ནི་ཨེ་རེད།
ཨ་མ། ཆོག་ད་ཆོག་ནི་རེད་དེ། ཞི་ལུ་ཚོས་འབྲི་བཞོ་རྒྱུ་སོགས་ཁྱིམ་ལས་བྱེད་སྲོལ་ཡོད་པ་མ་རེད།
བུ་ཆུང་། ཨ་མ་ངས་ཤེས་ཐ། འབྲི་བཞོ་རྒྱུ་དང་ཁྱིམ་ལས་ལས་རྒྱུ་དེ་པདྨ་མཚོའི་ཆེད་ལས་ཡིན་རྒྱུ་རེད།
ཨ་མ། ཧ་ཧ་ཧ། ཆེད་ལས། མ་རེད། ཆེད་ལས་ད་མ་རེད། ཡིན་ནའང་། བུ་མོ་ཚོ་རྟ་རྒྱུག་འགྲན་སྡུར་ལ་ཞུགས་སྲོལ་ཡོད་པ་མ་རེད།
བུ་ཆུང་། ཡོད་ད་ཡོད་ཀི། ངས་རིག་ཐ། བརྙན་འཕྲིན་ནང་དུ་བུ་མོ་ཚོ་རྟ་ཆེན་པོ་རེ་ལ་ཞོན་ནས་རྟ་རྒྱུག་འགྲན་སྡུར་བྱེད་ཀྱིན་འདུག ཨ་མ། ངས་ཀྱང་མཐོང་སོང་། ཨ་མ་ལ་མཚོན་ན། ལས་ཀ་ལས་པར་ཞི་མོ་ཞི་ལུ་གཉིས་ཀར་ཁྱད་པར་གང་ཡང་མེད། བསྟན་འཛིན་སྒྲོལ་མས་རྟ་རྒྱུག་བྱས་ཀྱང་ཆོག་ལ། ཁྱོད་ཀྱིས་འབྲི་མོ་བཞོས་རུང་ཆོག གང་ལྟར་ཚང་མས་ཟ་མ་ཟ་དགོས་པ་ནི་གཅིག་མཚུངས་རེད།
བུ་ཆུང་། ངོ་མ་བདེན་གི། ཨ་མ་ཁྱོས་རི་མོ་འདིར་ལྟོས་དང་། ཨ་ཅེ་པདྨ་མཚོ་ནི་ཁྱོད་འདྲ་བའི་རྒན་མོ་ཞིག་རེད། ཞི་མོ་ཆུང་ཆུང་ཞིག་མ་རེད།
ཨ་མ། མ་རེད་མ་རེད། ཨ་ཅེ་པདྨ་མཚོ་ཞི་མོ་ཆུང་ཆུང་ཞིག་རེད་ད། མོས་ཟི་ཚར་ཆེན་པོ་ཞིག་གྱོན་ཡོད་པས་ཨ་ཅེ་ཆེན་པོ་ལྟར་སྣང་བ་རེད། ད་ཁྱོས་ཉོན་དང་ཨ་མས་མུ་མཐུད་དུ་ཀློག་རྒྱུ་ཡིན། ཞི་མོ་པདྨ་མཚོ་རྟ་རྒྱུག་འགྲན་སྡུར་ལ་ཞུགས་སུ་མ་བཅུག་པར་མོའི་ཕུ་བོ་ཚོས་ཐབས་ཤིག་དྲན་ཏེ། ཁོ་མོ་ཞི་ལུ་ཞིག་ཏུ་བརྫུས་ནས་འགྲན་སྡུར་ལ་ཞུགས་རྒྱུ་བྱས་ན་ཅི་འདྲ་ཡིན་ནམ་ལབ།
བུ་ཆུང་། འོ་འོ། མོའི་ཕུ་བོ་ཚོ་རྫུན་བཤད་མཁན་ཞིག་རེད། རྫུན་བཤད་ན་བཟང་ནི་མ་རེད་ཨེ་ན།
ཨ་མ། བདེན་གི རྫུན་བཤད་ན་མི་བཟང་བས། པདྨ་མཚོས་ཞི་ལུ་ལ་བརྫུས་ནས་རྟ་རྒྱུག་མི་བྱེད་ཅེས་དང་ལེན་མ་བྱས་པ་རེད།
བུ་ཆུང་། འོ་ཡ། པདྨ་མཚོ་བཟང་གི མོ་རང་ཞི་མོ་བསམ་ཤེས་ཤིག་རེད་ཨེ་ན། ཨ་མ། མགྱོགས་པོར་ཀློགས་དང་། ངས་པདྨ་མཚོ་རྟ་རྒྱུག་འགྲན་སྡུར་ལ་ཞུགས་ཨེ་ཐུབ་ལ་ལྟ་འདོད་ཆེ།
ཨ་མ། དེའི་རྗེས་སུ་རྔ་བའི་རྟ་རྒྱུག་འགྲན་ཞུགས་པ་རེ་རེ་བཞིན་རྗེས་སུ་ལུས་སོང་བས། སྡེ་དཔོན་རྣམས་ཐབས་ཟད་འུ་ཐུག་སྟེ། ད་ནི་ཐབས་ཤེས་ཉག་ཅིག་འདུག པདྨ་མཚོ་སྐྱ་རྩལ་བཟང་བས་ཁོ་མོ་རྟ་གཤིབ་བྱེད་དུ་བཅུག་ན་རེ་བ་ཞིག་ཨེ་ཡོད་ཅེས་གྲོས་བྱས་ཏེ། པདྨ་མཚོར་བཤད་ཀྱང་། མོས་ཞི་མོ་ཞིག་རྟ་རྒྱུག་འགྲན་སྡུར་ལ་ཞུགས་སྲོལ་མེད་པ་མིན་ནམ་ཞེས་དང་ལེན་མ་བྱས། དེ་ནས་ཕ་མ་གཉིས་ཀྱིས་མོ་ལ་ཁ་བརྡ་བྱས་མཐར་པདྨ་མཚོ་ཁོང་དགོད་ཅིག་བྱེད་ཞོར་དུ་དང་ལེན་བྱས་སོང་། དུས་དེ་ནས་བཟུང་། ཁོ་མོས་འགྲན་ཐེངས་རེ་རེར་རྒྱལ་ཁ་བླངས་ཤིང་། མཐར་ཐེངས་དེའི་རྟ་རྒྱུག་འགྲན་སྡུར་ཁྲོད་ཨ་མདོ་རྔ་བས་ཨང་དང་པོའི་རྟགས་མ་བླངས་པ་རེད།
བུ་ཆུང་། ཨ་མ། པདྨ་མཚོ་ཅིའི་ཕྱིར་ཁོང་དགོད་བྱས་པ་རེད།
ཨ་མ། མོའི་སེམས་སུ། མི་རྒན་རྣམས་ཀྱིས་རང་གི་མཚན་སྙན་གྲགས་ལ་ཐུག་དུས། ཡུལ་སྲོལ་གོམས་གཤིས་ལའང་མི་བསྟུན་དོན་ཅི་ཡིན་ནམ་སྙམ་ནས་ཁོང་དགོད་ཤོར་བ་རེད།
བུ་ཆུང་། ངས་ཀྱང་དེ་འདྲ་ཞིག་བསམ་ཐ། མི་རྒན་པ་ཚོས་ཅི་ཞིག་བཤད་ན་ཚིག་ཐོག་ནས་འདུག་དགོས་པ་ལས་འགྱུར་ཆོག་ནི་མ་རེད། ཨེ་ན་ཨ་མ། ཁོ་ཚོས་ཐོག་མར་པདྨ་མཚོ་རྟ་རྒྱུག་འགྲན་སྡུར་ལ་ཞུགས་སུ་མ་བཅུག རྗེས་ལ་ཞུགས་སུ་བཅུག་པ་དེ་ཚིག་ཐོག་ནས་མ་བསྡད་པ་རེད།
ཨ་མ། རེད་ཡ། དེ་འདྲ་བྱས་ན་མི་བཟང་གི་ཨེ་ན།
བུ་ཆུང་། ངོ་མ་རེད། ཁྱོས་ཅིག་བཤད་ཚར་དུས་ཁོ་ཚོ་ནང་བཞིན་འགྱུར་མ་འགྲོ་ཨ། ཚིག་ཐོག་ཏུ་སྡོད་དགོས།
ཨ་མ། ཧེ་ཧེ་ཧེ། འོ་ཡ། བྱིས་སྒྲུང་འདི་ཨེ་ཡག་ཐ།
བུ་ཆུང་། ཡག་གི་ཡ། ངའང་རྟ་རྒྱུག་འགྲན་སྡུར་ལ་ཞུགས་བསམ་གི།
ཨ་མ། ཆོག་ནི་རེད། ཁྱོད་ལོ་བཅུ་ལ་སླེབས་ན། རྟ་རྒྱུག་བྱེད་དུ་འཇུག་ཡ།
བུ་ཆུང་། ཨེ། ཨ་མ། ཁྱོད་འགྱུར་མི་ཉན། བརྗེད་དུ་མ་འཇུག་ཨ། ང་ལོ་བཅུ་ལ་སོན་དུས་རྟ་རྒྱུག་བྱེད་ཀྱི་ཡིན།
ཨ་མ། འོ་ཡ་ཡ། ཨ་མའི་གཅེས་ཕྲུག