བུ་ཕྲུག་གི་རང་བཀུར་གྱི་འདུ་ཤེས་གསོ་སྐྱོང་བྱེད་ཐབས།

བུ་ཕྲུག་གི་རང་བཀུར་གྱི་འདུ་ཤེས་གསོ་སྐྱོང་བྱེད་ཐབས།

 

 མི་ཞིག་ལ་མཚོན་ན་རང་བཀུར་གྱི་འདུ་ཤེས་ནི་ཧ་ཅང་རིན་ཐང་ཆེ་བའི་དངོས་པོ་ཞིག་ཡིན་ཞིང་། རང་ཉིད་ཀྱི་འཇོན་ནུས་ལ་གདེང་སྤོབས་པ་སྐྱེ་བའི་ས་བོན་ལྟ་བུ་ཞིག་ཡིན། ཆེད་མཁས་པ་ཚོས་རང་བཀུར་གྱི་འདུ་ཤེས་ནི་རང་རྒྱུད་ཀྱི་ཡོན་ཏན་གོང་འཕེལ་དུ་འགྲོ་བའི་ཆ་རྐྱེན་གལ་ཆེན་ཞིག་ཡིན་པར་བཤད། དེས་ན་མི་སུ་ཞིག་ཡིན་ཡང་རང་བཀུར་གྱི་འདུ་ཤེས་ཉམས་ཆག་ཏུ་འགྲོ་རུ་མི་འཇུག་པར་གསོ་སྐྱོང་བྱེད་དགོས་ཤིང་། གསོ་སྐྱོང་བྱེད་སྟངས་སྐོར་ལ་སློབ་སྦྱོང་བྱ་དགོས། དེ་ལྟར་ན་བུ་ཕྲུག་གི་གཤིས་རྒྱུད་ལ་རང་བཀུར་གྱི་འདུ་ཤེས་་འཇོག་པའི་འོས་འགན་ཕ་མ་ལ་ཡོད། ཕ་མས་རང་གི་བུ་ཕྲུག་གི་གཤིས་རྒྱུད་ལ་རང་བཀུར་གྱི་འདུ་ཤེས་བརྟན་པོ་ཞིག་འཇོག་ཐུབ་པ་ཡིན་ན། བུ་ཕྲུག་གིས་མི་ཚེའི་རིན་ཐང་ངོས་འཛིན་བྱེད་སླ་ཞིང་མི་ཚེའི་དོན་སྙིང་འཚོལ་སྒྲུབ་བྱེད་པའི་སྐབས་སུ་རྩ་འཛིན་ཡོད་པ་དང་དམིགས་ཡུལ་ཡོད་པ་ཡིན། དེ་ལྟར་ན་ཕ་མ་རང་གི་སེམས་འདུན་བཅོལ་ཡུལ་གྱི་བུ་ཕྲུག་གི་རྒྱུད་ལ་རང་བཀུར་གྱི་འདུ་ཤེས་བརྟན་པོ་ཞིག་འཇོག་ཐབས་སུ་ནམ་ཡང་བརྩོན་པར་རིགས་སོ།། 

 

མི་ལ་རང་བཀུར་གྱི་འདུ་ཤེས་མེད་པའི་རྒྱུ་རྐྱེན་ནི་ཆོས་དང་རིག་གནས། ཡུལ་སྲོལ་གོམས་གཤིས། ཁྱིམ་ཚང་གི་འཆམ་མཐུན། ཕ་མའི་ཤེས་ཡོན་གྱི་གནས་ཚད། བྱིས་དུས་ཀྱི་འཚོ་བའི་ཉམས་མྱོང་། ཕ་མའི་རིན་ཐང་ལྟ་བ་འཛིན་སྟངས་སོགས་རྒྱུ་རྐྱེན་མང་བོ་ལ་འབྲེལ་བ་ཡོད། ང་ཚོས་འདས་དོན་ལ་བསྒྱུར་བཅོས་གཏོང་མི་ཐུབ་ནའང་། འདས་དོན་གྱི་ཉམས་མྱོང་ལས་བསླབ་བྱ་ལེན་པ་དང་སྙིགས་དོར་བཅུད་ལེན་གྱིས་མ་འོངས་པར་སྔོན་ཆད་ཀྱི་ནོར་འཁྲུལ་དང་འཐུས་ཤོར་རྣམས་བསྐྱར་ཟློས་མི་བྱེད་པའི་འགན་འཁུར་དགོས། བྱ་བ་ཆུང་ས་ནས་བསྒྲུབས་ཏེ་དམིགས་ཡུལ་ཆེ་སར་འཛིན་དགོས་ཞེས་བཤད་སྲོལ་ཡོད་པ་ལྟར། ང་ཚོས་བུ་ཕྲུག་ཚོའི་མ་འོངས་པའི་ཆེད་དུ་རང་ཉིད་ཀྱི་བསམ་བློ་གཏོང་སྟངས་དང་རེ་ལྟོས་འཆང་ཚུལ་ལ་བསྒྱུར་བཅོས་བཏང་སྟེ་རང་བཀུར་གྱི་འདུ་ཤེས་བརྟན་པོ་ཡོད་པའི་བུ་ཕྲུག་གདེང་སྤོབས་ཅན་གསོ་སྐྱོང་བྱེད་དགོས་པ་ཡིན། བྱེད་ཐབས་ཀྱི་ཐད་ནས་གཙོ་ཆེ་ཤོས་ཕ་མ་གཉིས་བུ་ཕྲུག་དང་མཉམ་དུ་བྱེད་སྒོ་སྣ་ཚོགས་ལ་ཞུགས་ཏེ་བུ་ཕྲུག་གི་འཇོན་ནུས་བསྔོག་འདོན་བྱེད་དགོས་པ་དང་། བུ་ཕྲུག་ལ་དེ་དོན་ཤེས་སུ་འཇུག་དགོས། བུ་ཕྲུག་གིས་རང་ཉིད་ཀྱི་འཇོན་ནུས་ངོས་ཟིན་པ་ཡིན་ན། རང་བཀུར་གྱི་འདུ་ཤེས་རང་བཞིན་གྱི་སྐྱེ་ཞིང་བརྟན་པོ་གནས་ཐུབ། རང་བཀུར་གྱི་འདུ་ཤེས་ཡོད་པའི་བྱིས་པ་ཞིག་གསོ་སྐྱོང་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ནི་ཕ་མ་གཉིས་ཕར་བུ་ཕྲུག་གི་འཇིག་རྟེན་དུ་སོང་སྟེ་བུ་ཕྲུག་གི་ཁམས་དང་མོས་པ་ལྟར་གསོ་སྐྱོང་བྱས་ཏེ་བུ་ཕྲུག་གི་རྒྱུད་ལ་རང་བཀུར་གྱི་འདུ་ཤེས་བརྟན་པོ་ཞིག་འཇོག་དགོས་པ་དེ་ཡིན་ཞིང་། ཕ་མ་དང་བུ་ཕྲུག་བར་གྱི་འབྲེལ་ལམ་བརྩེ་བ་དང་བརྩི་བཀུར་གྱི་རྨང་གཞིའི་སྟེང་དུ་བཟོས་ཏེ་རང་བཀུར་གྱི་འདུ་ཤེས་ཡོད་པའི་བུ་ཕྲུག་བསྐྱེད་སྲིང་བྱེད་དགོས་སོ།།  

 

 

བྱིས་པའི་རྒྱུད་ལ་རང་བཀུར་གྱི་འདུ་ཤེས་བསྐྲུན་པའི་ཆ་རྐྱེན་གཙོ་བོ་ཞིག་ནི་ཕ་མས་བུ་ཕྲུག་གི་རང་གཤིས་ལ་བརྩི་བཀུར་དང་། བུ་ཕྲུག་གི་འཇོན་ནུས་ལ་མཐོང་ཆེན་བྱེད་ཐུབ་མིན་ལ་རག་ལས་པ་ཞིག་ཡིན། ཕ་མས་བུ་ཕྲུག་གི་རང་གཤིས་ལ་བརྩི་བཀུར་བྱས་པ་ཡིན་ན། བུ་ཕྲུག་གི་སེམས་ཀྱི་རང་བཞིན་དུ་གྱུར་བའི་སྤྲོ་སྣང་རྒྱུན་འཛིན་བྱེད་ཐུབ་པ་དང་བསམ་བློའི་འཆར་སྒོ་ཇེ་མང་དུ་འགྲོ་ཐུབ། ཕ་མས་བུ་ཕྲུག་གི་འཇོན་ནུས་ལ་མཐོང་ཆེན་དང་བརྩི་བཀུར་བྱས་པ་ཡིན་ན། བུ་ཕྲུག་གི་རྒྱུད་ཀྱི་རང་བཀུར་གྱི་འདུ་ཤེས་དེ་བརྟན་པོ་གནས་ཐུབ་པ་དང་། འཚོ་གནས་དང་འབྲེལ་བའི་ལས་དོན་ལ་ཞུགས་པའི་སྐབས་སུ་འཇིགས་ཞིམ་བྲལ་བའི་སྒོ་ནས་ཧུར་བརྩོན་བྱེད་ཐུབ། གལ་སྲིད་ཕ་མ་ལ་བྱིས་སྐྱོང་སློབ་གསོའི་སྐོར་ཀྱི་ཤེས་རྟོགས་མེད་པ་ཡིན་ན། བུ་ཕྲུག་གི་རྒྱུད་ལ་རང་བཀུར་གྱི་འདུ་ཤེས་བསྐྲུན་སྟངས་མི་ཤེས། དཔེར་ན་རང་ཉིད་ཀྱི་འདོད་བློ་དང་མ་མཐུན་པའི་བྱ་བ་ཞིག་བུ་ཕྲུག་གིས་བྱས་པ་ཡིན་ན། བུ་ཕྲུག་ལ་འཕྱ་དམོད་དང་དམའ་འབེབས། ཚིག་རྩུབ་སོགས་ཀྱི་སྐད་ཆ་བཤད་དེ་བུ་ཕྲུག་གི་རང་བཀུར་འདུ་ཤེས་ལ་འབུར་འཇོམས་བྱས་ཏེ་ནོར་འཁྲུལ་བཟོ་བཞིན་ཡོད། ཕ་མ་ལ་ལས་སྒེར་གཅོད་ཁོ་ན་བྱས་ཏེ་བུ་ཕྲུག་གི་ཁམས་དང་མོས་པ། བསམ་འདུན་དང་དགའ་ཕྱོགས་རྣམས་སྣང་མེད་བྱས་ནས་བུ་ཕྲུག་གི་རང་བཀུར་གྱི་འདུ་ཤེས་གཞོམ་གྱི་ཡོད། གལ་སྲིད་དེ་བཞིན་དུ་རང་བཀུར་གྱི་འདུ་ཤེས་མེད་པའི་བྱིས་པ་ཞིག་འཚར་ལོངས་བྱུང་བ་ཡིན་ན། འཚོ་བའི་ཁྲོད་དུ་མཇུག་འབྲས་ངན་པ་མང་པོ་འབྱུང་སྲིད་པ་དང་། ནང་མི་ཚང་མས་ཉམས་སུ་མྱོང་དགོས་པ་ཡིན། གལ་སྲིད་བུ་ཕྲུག་གི་བསྒྲུབས་པའི་བྱ་བ་ལེགས་འགྲུབ་ཡག་པོ་མ་བྱུང་བའི་སྐབས་སུ། ཕ་མས་བུ་ཕྲུག་ལ་སྐྱོན་བརྗོད་བྱེད་པ་དང་གཤེ་གཤེ་གཏོང་རྒྱུ་མ་ཡིན་པར། བུ་ཕྲུག་གི་ཆོད་སེམས་དང་བརྩོན་སེམས་ལ་བསྟོད་བསྔགས་བྱས་ཏེ་བུ་ཕྲུག་ལ་སེམས་ཤུགས་སྤར་དགོས། དེ་ལྟར་བུ་ཕྲུག་གི་རང་བཀུར་གྱི་འདུ་ཤེས་གསོ་སྐྱོང་བྱས་པ་ཡིན་ན། བུ་ཕྲུག་གི་རང་བཀུར་གྱི་འདུ་ཤེས་སྔར་ལས་གོང་འཕེལ་དུ་འགྲོ་ཐུབ་པ་དང་བརྟན་གནས་ཐུབ།བྱེད་ཐབས་གལ་ཆེ་ཤོས་དེ་ནི་བུ་ཕྲུག་གིས་ལས་དོན་ཆུང་ངུ་རེ་ལེགས་འགྲུབ་བྱུང་དུས། ཕ་མས་འོས་འཚམས་ཀྱི་གཟེངས་བསྟོད་བྱས་ཏེ་བུ་ཕྲུག་ལ་མདུན་སྐྱོད་བྱེད་དུ་འཇུག་དགོས། དེ་ལྟར་བུ་ཕྲུག་གསོ་སྐྱོང་བྱས་པ་ཡིན་ན་བུ་ཕྲུག་གི་བློ་བདེ་ཞིང་སེམས་སྐྱིད་པ་དང་། ལས་དོན་ལ་ཞུགས་དུས་སྤོབས་སེམས་སྔར་ལས་རྒྱས་ཤིང་རང་བཀུར་གྱི་འདུ་ཤེས་སྔར་ལས་གོང་འཕེལ་དུ་འགྲོ་བར་བཤད་དོ།། 

 

རང་བཀུར་གྱི་འདུ་ཤེས་མེད་པའི་མི་ཞིག་ལ་མཚོན་ན་བྱ་བཞག་རླབས་ཆེན་ཅི་ཡང་སྒྲུབ་མི་ཐུབ་པ་དང་། བྱ་བཞག་རླབས་ཆེན་ཞིག་ལ་འཇུག་པའི་པའི་གདེང་སྤོབས་ཀྱང་མེད་པ་ལྟར། རང་བཀུར་གྱི་འདུ་ཤེས་མེད་པའི་བྱིས་པ་ཞིག་ལ་མཚོན་ན་འཚར་ལོངས་ཀྱི་གོ་རིམ་ཁྲོད་དུ་དཀའ་ཁག་དང་འགོག་རྐྱེན་ལ་གདོང་གཏོད་མི་ཐུབ་པ་དང་། ལས་དོན་ཆུང་ངུ་ལ་འཇུག་པའི་གདེང་སྤོབས་ཀྱང་མེད་པ་མ་ཟད་ལོ་མཉམ་བྱིས་པ་གཞན་ལ་འགྲོགས་འདྲིས་བྱེད་པའི་སྙིང་སྟོབས་མེད་པ་དང་། བྱིས་པ་གཞན་དང་མཉམ་དུ་རྩེད་མོ་རྩེ་བའི་སྤོབས་པའང་མེད། གལ་སྲིད་བྱིས་པ་གཞན་དང་མཉམ་དུ་རྩེད་མོ་ལ་ཞུགས་མ་ཐུབ་པ་ཡིན་ན། རྩེད་མོ་ཁྲོད་ཀྱི་སློབ་གསོ་མྱོང་ཐབས་བྲལ་བ་ཡིན། རྩེད་མོའི་ཁྲོད་ཀྱི་སློབ་གསོ་མྱོང་མ་ཐུབ་པ་ཡིན་ན། སྤྲོ་སྣང་དང་སྐྱིད་སྣང་ལྡན་པའི་བྱིས་དུས་ཀྱི་སེམས་ཁམས་རྒྱུན་གནས་བྱེད་དཀའ་ཞིང་། མཚར་སྣང་དང་འཆར་སྣང་ལ་སོགས་པའི་སེམས་ཀྱི་འཆར་སྒོ་མང་བོ་རྒྱུན་གནས་བྱེད་མི་ཐུབ། དེ་ལྟར་ན་ཉིན་རེའི་འཚོ་བའི་ཁྲོད་དུ་ཕ་མས་བུ་ཕྲུག་གི་རང་གཤིས་དང་རང་དབང་ལ་བརྩི་བཀུར་བྱས་ཏེ་རང་བཀུར་གྱི་འདུ་ཤེས་ཡོད་པའི་བུ་ཕྲུག་ཅིག་གསོ་སྐྱོང་བྱེད་དགོས་པ་གལ་ཆེ། རང་བཀུར་གྱི་འདུ་ཤེས་མེད་པའི་བྱིས་པ་ཞིག་ལ་མཚོན་ན་ཕ་མ་དང་དགེ་རྒན་སོགས་ལ་རང་གི་བསམ་ཚུལ་ངོ་མ་དང་དགའ་ཕྱོགས་ངོ་མ་བཤད་མི་ཕོད། གལ་སྲིད་ཕ་མ་དང་དགེ་རྒན་གྱིས་བུ་ཕྲུག་གི་འདོད་འདུན་ངོ་མ་དེ་མ་ཤེས་པ་ཡིན་ན། བུ་ཕྲུག་ལ་རོགས་རམ་དང་རྒྱབ་སྐྱོར་བྱེད་ཚུལ་མི་ཤེས། ལྷག་པར་དུ་རང་བཀུར་གྱི་འདུ་ཤེས་མེད་པའི་བྱིས་པ་ཞིག་ཡིན་ན་གདེང་ཚོད་མེད་པ་དང་སྤོབས་པ་ཆུང་བ་ཡིན། ད་དུང་རང་ཉིད་ཀྱི་སེམས་ཀྱི་འཆར་སྒོ་ལྟར་གསར་གཏོད་ཀྱི་ལས་ལ་ཞུགས་པའི་སྙིང་སྟོབས་ཀྱང་མེད། དར་མའི་སྐབས་སུ་ཡང་མི་གཞན་དང་འདྲ་མཉམ་ཡིན་པའི་ལྟ་ཚུལ་བཟུང་སྟེ་དཔུང་བ་མཉམ་གཤིབ་ཀྱིས་རང་དང་གཞན་གྱི་འཚོ་བའི་དགོས་མཁོ་བསྒྲུབ་མི་ཐུབ་པ་དང་། ནོར་འཁྲུལ་ཆུང་ངུ་རེ་ཤོར་བ་དང་དཀའ་ངལ་ཕྲན་བུ་རེར་འཕྲད་དུས་སེམས་ཤུགས་ཆགས་པ་འགྲོ་བ་ཡིན། དེ་བཞིན་དུ་རང་བཀུར་གྱི་འདུ་ཤེས་ཡོད་པའི་བྱིས་པ་ཞིག་གསོ་སྐྱོང་བྱེད་མ་ཐུབ་པ་ཡིན་ན། མ་འོངས་པར་རང་ཚུགས་འཛིན་མི་ཐུབ་པའི་མི་ཞིག་ཏུ་འགྱུར་འགྲོ་བའི་ཉེན་ཁ་ཡོད་པས་ཕ་མས་རང་གི་བུ་ཕྲུག་གི་རྒྱུད་ལ་རང་བཀུར་གྱི་འདུ་ཤེས་བརྟན་པོ་ཞིག་འཇོག་ཐབས་ལ་བརྩོན་དགོས་པ་ནི་གལ་ཆེའོ།།  

 

མདོར་བསྡུས་ན་བྱིས་པ་ཞིག་ལ་མཚོན་ན་རང་བཀུར་གྱི་འདུ་ཤེས་ནི་ཧ་ཅང་གལ་ཆེ་ཞིང་། རང་བཀུར་གྱི་འདུ་ཤེས་ཡོད་པའི་བྱིས་པ་ཞིག་གསོ་སྐྱོང་བྱེད་པའི་འོས་འགན་དེ་ཕ་མ་གཉིས་ལ་ཡོད། གལ་སྲིད་ཕ་མས་བྱིས་སྐྱོང་སློབ་གསོའི་སྐོར་ལ་དོ་སྣང་གནང་སྟེ་རང་བཀུར་གྱི་འདུ་ཤེས་དེ་བུ་ཕྲུག་གི་མི་གཤིས་ཀྱི་རྐང་ལྟ་བུ་ཞིག་འགྱུར་ཐབས་བྱེད་ཐུབ་པ་ཡིན་ན། མ་འོངས་པར་བུ་ཕྲུག་གི་འཚོ་བའི་ཁྲོད་དུ་སྐྱིད་སྡུག་ཡག་ཉེས་ཀྱི་བྱ་བ་གང་ལ་གདོང་གཏོད་དགོས་ཀྱང་རང་ཚུགས་འཛིན་ཐུབ་པ་དང་ཕུགས་བསམ་འཚོལ་ཐུབ་པ་ཡིན། གལ་སྲིད་དེ་ལས་ལྡོག་སྟེ་ཕ་མས་བུ་ཕྲུག་གི་རྒྱུད་ལ་རང་བཀུར་གྱི་འདུ་ཤེས་བརྟན་པོ་ཞིག་འཇོག་མ་ཐུབ་པ་ཡིན་ན། སེམས་ཆུང་ཞིང་ཡིད་ཞུམ་སླ་བ། ཁོང་ཁྲོ་ལངས་པ་དང་སེམས་ཕམ་སླ་བ། དུས་ཚོད་ཀྱི་རིན་ཐང་མི་ཤེས་པ་དང་གྲོགས་ལ་འགྲོག་ཡུན་ཐུང་བ། གཞན་ལ་སྙད་བརྐོ་ས་དང་ཐུབ་ཚོད་བྱེད་པར་དགའ་བ། བྱ་བ་ལ་ཞུགས་དུས་རྒྱུན་སྐྱོང་མི་ཐུབ་པ་དང་། རང་ཚུགས་འཛིན་མི་ཐུབ་པར་མི་གཞན་གྱི་ཤན་ཤུགས་ངན་པ་ཐེབས་སླ་བ། རང་གི་འཇོན་ནུས་ལ་ཡིད་རྟོན་མེད་པ་དང་གཞན་བརྟེན་གྱི་འདུ་ཤེས་ཤུགས་ཆེ་བ། རང་གཞན་གྱི་དོན་སྒྲུབ་པའི་སྙིང་སྟོབས་མེད་པ་དང་ལས་དོན་ལ་འབད་བརྩོན་བྱེད་པའི་སེམས་ཤུགས་མེད་པ་ལ་སོགས་པའི་གནད་དོན་དང་དཀལ་ངལ་སྣ་ཚོགས་ལ་འཕྲད་སྲིད་པས། རང་བཀུར་གྱི་འདུ་ཤེས་ཡོད་པའི་བྱིས་པ་སྙིང་སྟོབས་དང་ལྷག་བསམ་ལྡན་པ་ཞིག་གསོ་སྐྱོང་བྱེད་པ་ནི་ཧ་ཅང་གལ་ཆེའོ།།

Topic: བུ་ཕྲུག་གི་རང་བཀུར་གྱི་འདུ་ཤེས་གསོ་སྐྱོང་བྱེད་ཐབས།

No comments found.

New comment