བྱིས་དེབ་ནང་གི་པདྨ་འཚོ་ལ་བལྟས་ཏེ་བསམ་ཚུལ་འགའ་གློད་པ།

བྱིས་དེབ་ནང་གི་པདྨ་འཚོ་ལ་བལྟས་ཏེ་བསམ་ཚུལ་འགའ་གློད་པ།


མགར་འཇམ་དབྱངས།

  དང་པོ།             

དབྱིན་བོད་ཤན་སྦྱར་གྱི་བྱིས་སྒྲུང་འདིའི་ནང་གི་མི་སྣ་གཙོ་བོ་ནི་པདྨ་འཚོ་ཡིན་ཞིང་།  མོ་ནི་འབྲོག་པའི་མི་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། "གཤིས་ཀ་བཟང་ལ་ངང་རྒྱུད་རིང་བ། བློ་རིག་རྣོ་ལ་སྤོབས་པ་ཆེ་བའི་བུ་མོ"ཞིག་ཡིན་སྟབས། "ས་ཆའི་ཚོད་ཀྱི་རི་དྭགས"ཞེས་པའི་དཔེ་ལྟར། ས་གནས་དང་ཁོར་ཡུག་ལ་ལྟོས་འཇོག་གི་དཔའ་མོ་ཨ་སྟག་ལྷ་མོ་ལྟ་བའི་སྣང་བརྙན་ཞིག་འབྲི་བ་བོས་བློས་བསླངས་བྱས་འདུག།

མོ་ནི་ཁྱིམ་ཚང་ནང་གི་བུ་མོ་གཅིག་བུ་དེ་ཡིན་སྟབས། ཕ་མ་དང་སྤུན་མཆེད་སོགས་ཀྱིས་ལྟ་སྐྱོང་འོག། "ཡུལ་དེའི་བུ་མོ་གཞན་དག་ལས་ལྷག་པའི་གོ་སྐབས་མང་བོ་རག་ཡོད"འདུག། དེ་འདྲའི་གོ་སྐབས་མང་བོ་དེ་དམིགས་ཀྱིས་འདི་དང་དེ་ཞེས་དངོས་སུ་མི་གསལ་ཡང་། འབག་བཙོག་གིས་མ་བསླད་པའི་ནམ་མཁའ་གོས་སུ་གྱོན། ཆུ་བོ་ཧུབ་ཀྱིས་བཏུང་ནས། རང་དབང་གིས་རྩྭ་ཐང་ཆེན་མོར་ལྡིང་སྐོར་བྱས་པའི་བརྒྱུད་རིམ་ནི།  གྲོང་ཁྱེར་ཞེས་པའི་སྐད་པོ་ཆེ་ཡིས་སྡོམ་གཅུན་བྱས་ཡོད་པའི་བུ་མོ་དག་ལ་དེ་འདྲའི་བསྐལ་བ་ནི་ཉིན་མོའི་སྐར་མ་ཙམ་དུ་གདའ་བས། དེ་དག་ནི་མོ་ལ་ཐོབ་པའི་གོ་སྐབས་ཤིག་ཏུ་བརྩིས་ཀྱང་མ་ཆོག་པ་མི་འདུག།

མོ་ལ་མཚོན་ན། སྤུན་མཆེད་ཚོས་རྒྱབ་སྐྱོར་ཐོབ་པ་བདེན་དུ་ཆུག་མོད།  སློབ་གྲྭའི་སྒོ་ཐེམ་མིག་གིས་མཐོང་མ་མྱོང་ཞིང་། ཀ་མད་སུམ་ཅུའི་མགོ་རྔ་མི་ཤེས་པའི་གནས་སྟངས་ལ་གཞིགས་ན།  ཨ་ཁུ་སྒོ་ཤེར་གྱིས། "བྱིས་པ་ཚོ་ལ་རང་དབང་ལྡན་ལ་སྤྲོ་སྣང་འཕེལ་བའི་སློབ་སྦྱོང་གི་ཁོར་ཡུག་ཅིག་བསྐྲུན་རྒྱུ་དང་། རང་ཚུགས་སྨིན་ལ་རང་སྟོབས་རྒྱས་པའི་འཚར་ལོངས་ཀྱི་ཞིང་ས་ཞིག་བསྐྲུན་རྒྱུ"དེ་ནི་མ་མཐའི་ཕ་མ་ཚོའི་འགན་འཁྲི་ཉིད་དུ་སེམས་ཀྱང་། "མི་རེ་རེའི་ཀུན་སྤྱོད་ཀྱི་མེ་ལོང་ལས། མི་རིགས་ཧྲིལ་པོ་ཞིག་གི་སེམས་ཁམས་ཀྱི་རང་གཟུགས་མཐོང་ནུས"ཞེས་པ་ལྟར། རྒྱན་ཆ་ཙམ་ལ་དང་དོད་ཆེ་བའི་འབྲོག་པའི་གཙོ་རྒྱུགས་ཀྱི་འདུ་ཤེས་ཀྱི་མཁའ་དབུགས་འོག། "བདག་པོ་ཇི་འདྲ་སྒོ་ཟོག་དེ་དང་འདྲ"ཞེས་པའི་གཏམ་དཔེ་དེ་དྲན་དུ་འཇུག་པ་ལས་གཞན་ཅི་ཞིག་ཡོད་ཨང་།

སྤྱིར་འབྲོག་པའི་རིག་གནས་ནི་བོད་ཀྱི་སྲོལ་རྒྱུན་གྱི་ཚབ་མཚོན་ལྟ་བུར་འཇོག་ཆོག་མོད། འབྲོག་པ་ཚོར་སློབ་གྲྭར་གཏོང་རྒྱུ་དགའ་བ་མེད་ལ། ལྷག་ཏུ་བུ་མོ་ཚོ་སློབ་གྲྭར་གཏོང་རྒྱུར་དགའ་བ་མེད་པ་ནི་བསྙོན་མེད་ཡིན་པས། འབྲི་མོའི་འོ་མ་འཇོ་མི་ཤེས་པའི་བུ་མོ་ཞིག་ཡོད་ཚེ།  ཐན་ལྟས་སུ་ལྟ་བའི་ལུགས་སྲོལ་དེ་ད་དུང་ཟམ་མི་ཆད་པར་རང་སོར་གནས་པའི་ཚོར་བ་ཞིག།  བྱིས་དེབ་འདིའི་ཤུགས་ཀྱིས་བསྟན་དོན་དུ་ཆགས་འདུག་པར་སེམས།

  གཉིས་པ།

པདྨ་འཚོ་ནར་སོན་པའི་བརྒྱུད་རིམ་ནི། རི་ཆུ་ནགས་གསུམ་གྱིས་སྡོང་གྲོགས་དང་། རྟ་ནོར་ལུག་གསུམ་གྱིས་རྩེད་གྲོགས་བྱས་རྐྱེན།  མོ་རྟ་ལ་དགའ་ཞིང་ལྷག་པར་དུ་རྟ་རྒྱུག་ལ་བྱན་ཆུབ་པའི་འབྲོག་མོ་སྐྱལ་རྩལ་ཅན་ཞིག་ཏུ་གྱུར་འདུག། "མོ་ལ་དམིགས་ཡུལ་ཞིག་ཡོད་པ་ནི།   ཡུལ་དེའི་རྟ་རྒྱུག་འགྲན་སྡུར་ལ་ཞུགས་རྒྱུ་དེ་རེད།"  རྟ་རྒྱུག་དུས་ཆེན་ནི་བོད་མི་དག་གིས་དགའ་མོས་བྱ་ཡུལ་གྱི་རྩྭ་ཐང་གི་འབྲོག་པའི་དུས་ཆེན་ཞིག་ཡིན་པ་མ་ཟད། སྔར་བཙན་པོའི་སྐབས་ནས་རྟ་ཐོག་སྤོ་ལོ་དང་རིང་རྒྱུག་ཐུང་རྒྱུག་ད་དུང་འགྲོས་བསྡུར་ཞར་འཕེན་སོགས་རྟ་རྒྱུག་གི་རྩེད་མོ་སྣ་ཚོགས་ཡོད་པར་ལྟར།  ས་གནས་དེ་གར་ཡང་ལོ་ལྟར་རྟ་རྒྱུག་གི་དུས་ཆེན་སྲུང་བརྩི་བྱེད་ཀྱི་ཡོད་འདུག།

རྒྱ་གར་གྱི་བུད་མེད་ཐོབ་ཐང་དོན་གཉེར་བ། བྷ་ཆ་ཁཱན་གྱིས། "གལ་ཏེ་བཟང་སྤྱོད་ལྡན་པའི་རིག་གཞུང་དང་གོམས་གཤིས་ཡག་པོ་ཞིག་ཡོད་མེད་ཤེས་འདོད་ན།   ཁོ་ཚོས་བུད་མེད་ལ་ལྟ་སྟངས་ག་འདྲ་ཞིག་འཛིན་གྱི་ཡོད་མེད་ལ་ལྟོས་དང་དེ་ལས་ཤེས་ཐུབ།" ཞེས་པ་ལྟར། ཡུལ་དེ་གའི་གོམས་སྲོལ་ལམ།  ཡང་ན་ཤེས་རབ་ཀྱི་མིག་དབང་བྲལ་ཞིང་དཔྱོད་པའི་རྣམ་དཔྱོད་མེད་པའི་བླུན་པོ་དྲེད་པོ་དག་གི་གནོན་ཤུགས་འོག། "བུ་མོ་ཞིག་རྟ་རྒྱུག་འགྲན་སྡུར་ལ་ཞུགས་པ་ནི་ལྟས་ངན་ཡིན་ཚུལ་སོགས་བརྗོད"དེ། པདྨ་འཚོའི་རྨི་ལམ་ལ་འགོག་རྐྱེན་བཟོས་ཤིང་།  མོ་དང་མོ་འདྲ་བའི་ཉམ་ཆུང་བུད་མེད་མང་བོ་ཞིག་གི་ལྷན་སྐྱེས་ཀྱི་ཤེས་རབ་དང་འཇོན་ཐང་འབུར་འཇོམས་བྱེད་ཀྱིན་ཡོད་པ་མ་ཟད། ད་དུང་ཕོ་མཆོག་མོ་དམན་གྱི་ལྟ་བ་རྒྱུན་མར་གནས་ཡོད་པའི་དཀའ་ངལ་འོག།  མོའི་རྨི་ལམ་ཡང་མངོན་འགྱུར་བྱ་ཆོག་ཆོག་གི་སྟབས་བདེའི་འགྲུལ་བཞུད་ཅིག་ག་ལ་ཡིན།

དེ་མཚུངས་ཉེ་བའི་ཆར་བདག་གི་སྲུང་ཆུང་མ་ཞིག་ལའང་ལོ་ངོ་ཁ་ཤས་ཀྱི་རིང་ལ་ཁྱོ་གས་ཐེངས་ལྔ་བཅུ་ཙམ་གཅར་རྡུང་བྱས་པར་གོ་སོང་།  ཇི་ལྟར་བསམས་ཀྱང་།  ཇི་ལྟར་དཔྱད་ཀྱང་།   ཁྱོད་ཀྱི་གམ་ནས་བདེ་སྐྱིད་ཅིག་ལ་རེ་བ་བརྒྱབ་ནས་རང་གི་ལུས་ངག་ཡིད་གསུམ་གཏོད་མཁན་གྱི་ཚེ་རོགས་ཤིག་ལ།  འཇིགས་སྐུལ་དྲག་སྤྱོད་པ་དང་ཆ་འདྲ་བའི་མནར་གཅོད་བྱས་ཏེ།  གསོན་དང་འཆི་བ་གཉིས་ལས་གང་ཞིག་མགོར་འོང་མིན་ལ་ཉིན་ལྟར་སོམ་ཉི་བཟའ་དགོས་པའི་གནས་སུ་བསྐྱལ་འདུག་པ་ནི་ཤིན་ཏུ་བློ་ཕམ་པ་དང་།  ཡིད་སྐྱོ་བ་ཞིག་ཅི་ལ་མ་ཡིན།

གཞན་གྱི་བཤད་ཡམ་དང་སྡེ་བའི་མཐོང་ཆུང་ན་ཟླའི་འཕྱ་སྨོད་ལ་འཇིགས་ཤིང་སྐྲག་པའི་ངའི་སྲིང་ཆུང་མ་ནི།  ཉིན་དང་ཞག་ལོ་དང་ཟླ་བར་མི་རྒན་གཏུམ་པོ་དེའི་སྙིང་རྗེ་དང་ཡ་ང་མེད་པའི་འདྲེ་ལག་དེའི་གདུག་རྩུབ་འོག་ན།  ཅི་འདྲའི་ཉམ་ཆུང་བའི་བཙོན་མ་ཉམ་ཐག་ཅིག་གི་ཚུལ་དུ་གནས་ཡོད་ཨང་།   ཁྱོད་ཀྱིས་ཚ་སོབ་སོབ་ཀྱི་ལྷིང་འཇགས་ཀྱི་ཁྱིམ་ཚང་དེ་རྙོག་པར་བཏང་ཐུབ་འདུག་ཀྱང་།   ཉིན་ཞིག་ཐ་ན་རང་གི་བུ་ཆུང་གིས་ཀྱང་ཁྱོད་ལ་དགྲ་རུ་བལྟ་ཞིང་སྙིང་ལངས་པའི་སྐབས་དེའི་ཚེ་ན།   ཁྱོད་ཀྱིས་ཀྱང་ལས་འབྲས་ཞེས་པའི་བྲོ་བ་གསོན་པོ་དེ་མི་འདོད་བཞིན་དུ་མྱང་དགོས་པ་ཙམ་ལའང་འདང་མི་ཕོག་པའི་གླེན་པ་ཁྱོད་ནི་ཇི་འདྲའི་ལྐུག་པ་ཞིག་རེད་ཨང་།

ཡང་ཕྱོགས་གཞན་ཞིག་ནས་བལྟས་ན།  ས་ཁུག་ལུང་ཁུག་ནས་རང་ཉིད་ཆེན་པོའི་ཆེན་པོར་སྣང་ཞིང་།  ཁྲིམས་ཀྱི་འདུ་ཤེས་མེད་པའི་མི་རྒན་དྲེད་པོ་དེ་དག་མང་དྲགས་པའི་རྐྱེན་གྱིས།  དེ་དག་གིས་སྡུག་རྩུབ་ཀྱི་འདྲེ་ལག་ཚོད་མེད་དུ་སྤྱོད་པའི་ངན་གོམས་དེ་རྒྱུན་འབྱམས་སུ་གྱུར་འདུག།

ཡིན་ནའང་ཁྲིམས་ཀྱི་འོག་ན་སྐྱེས་བུ་སྒེར་རེ་རེའི་ལྷན་སྐྱེས་ཀྱི་ཐོབ་ཐང་སྲུང་བརྩི་བྱ་བར་ཕོ་མོ་ལ་ཁྱད་པར་མེད་པར་འདྲ་མཉམ་ཡིན་ཞིང་།   གང་དང་སུ་ལ་བདེན་པ་དང་གནས་ལུགས་ཡོད་མེད་ལ་བལྟ་རྒྱུ་ཡིན་པ་ལས། སུ་བཙན་སུ་ཆེ་ལྟ་བའི་དུས་རབས་དེ་རྫོགས་ཡོད་པ་ཤེས་པར་གྱིས་ལ།   གྲི་དང་མེ་མདའ་སོགས་མཚོན་ཆའི་འཚེ་བ་རྒྱན་དུ་འཛིན་པའི་གོམས་སྲོལ་ངན་པ་དེ་དོར་ནས།  ཁྲིམས་དང་མཐུན་པའི་དུས་རབས་ཉེར་གཅིག་པའི་མི་ཚད་ལྡན་ཞིག་ཡོང་བར་འབད་པ་བྱ་རོགས་ཞེས་ཞུ་འདོད་བྱུང་།

    གསུམ་པ།

དམངས་ཀྱི་རྟོགས་པ་མཐུན་ཕྱོགས་སུ་སད་མ་ཐུབ་པར། ལམ་དང་ལུགས་སྲོལ་མང་བོ་ཞིག་གི་ར་བ་ལས་བརྒལ་མ་ཐུབ་པའི་རྐྱེན་གྱིས། བུ་དང་བུ་མོའི་ལས་ཀ་ཚུན་ཆད་ནས་ས་མཚམས་བཟོས་ཏེ།"བུ་མོ་ལ་བུ་མོའི་ལས་ཀ་ཡོད"ཅེས་ཐ་ཚིག་བསྒྲགས། ཞེད་སྣང་བསྐུལ། སུ་ཞིག་ལ་འཇོན་ཐང་དང་ནུས་པ་ཡོད་མེད་དེ་གཙིགས་སུ་མ་བཟུང་བར། རྙིང་ཞེན་དང་སྒེར་གཅོད་ཀྱི་ལམ་ཕྱིན་ཅི་ལོག་པ་ཞིག་ཏུ་མུ་ནས་མུ་རུ་ཨུ་ཚུགས་ཀྱིས་འགྲོ་བཞིན་འདུག།

ཡིན་ནའང་། པདྨ་འཚོ་ནི་རང་ག་བའི་བུ་མོ་ཞིག་མ་ཡིན་པར། རང་ཉིད་གཅིག་པོ་ལས་གཞན་མི་སེམས་པའི་སྒེར་སེམས་ཅན་ཞིག་ཀྱང་ཡེ་ནས་ག་ལ་ཡིན། མོའི་རྨི་ལམ་གྱི་རྒྱབ་ལྗོངས་ནི་དཀའ་བ་བརྒྱ་དང་འབད་པ་དུ་མའི་དངུལ་ཆུ་ཡི་སྐྱོ་གར་ཡོད་པས། མོ་ལ་རྨི་ལམ་ཐེངས་གཅིག་རྨིས་མི་ཆོག་པའི་བཀའ་ཡིག་དག་ནི་ཇི་འདྲའི་སྙིང་ལ་གཟན་པ་ཞིག་རེད་ཨང་།

བཙུན་པ་ཐཱེ་ཆས། "རང་དབང་ནི་བདེ་སྐྱིད་ཀྱི་རྨང་གཞི་ཡིན་ཕྱིན། རང་དབང་མེད་ས་ན་བདེ་སྐྱིད་གཞི་མ་གྲུབ་པའི་ཕྱིར།"ཞེས་པ་ལྟར། མིའི་ལྷན་སྐྱེས་ཀྱི་ནུས་པ་དང་འཇོན་ཐང་སྐྱེ་འཕེལ་བྱ་སའི་ཁོར་ཡུག་ཡག་པོ་ཞིག་མེད་ཚེ། དེ་ལས་མནར་གཅོད་དང་གདུག་རྩུབ་ཞིག་གང་ན་ཡོད།

དེས་ན་བུ་མོ་ཚོས་ཀྱང་། "གོམ་པ་རང་སྟེང་ནས་སྤོས། བགྲོད་ལམ་རང་ངོས་ནས་བཙལ"བའི་འབད་པ་བྱ་རྒྱུ་གལ།

དཔེར་ན་བྱ་བྱིའུ་དག་སྡོང་བོའི་ཡལ་ག་ཕྲ་མོར་འཛེག་པར། ཞེད་སྣང་ཅི་ཡང་མེད་པ་ནི།   ཁོ་ཚོར་རང་སྟེང་གི་གཤོག་ཟུང་ལ་ཡིད་ཆེས་བརྟན་པོ་ཡོད་པ་ལས་ཤིང་སྡོང་གི་ཡལ་ག་ལ་མ་ཡིན་པ་ནང་བཞིན།

མི་ཞིག་ཡིན་ཕྱིན།  རང་ཉིད་ལ་རང་རྟོན་གྱི་འདུ་ཤེས་དེ་ངེས་པར་དུ་ཡོད་དགོས། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་ཀྱང་།  བདག་ཉིད་བདག་གིས་མགོན་ཡིན་གྱི།། གཞན་ལྟ་སུ་ཞིག་མགོན་དུ་འགྱུར།།  ཞེས་གསུངས་པ་ལས་ཀྱང་ཤེས་ཐུབ་ལ།

གལ་ཏེ་ཁྱོད་ལ་རང་རྟོན་གྱི་འདུ་ཤེས་ཤིག་མེད་ཚེ། གཞན་གྱི་བྲན་དང་ཁོལ་མོ་རུ་འགྱུར་བར་རང་སྟེང་ནས་མཐུན་རྐྱེན་སྦྱར་བ་ཡིན་ཅིང་། དེའི་ཚེ་ན་གཟུགས་ཀྱི་ཤེད་ཤུགས་དང་ནུས་པ་ལས་རྒྱལ་ཕམ་འཇལ་ཞིང་། རྒྱུ་དང་དབང་ཐང་གིས་ཡོད་ཚད་ལ་དབང་བཙན་པར་བྱས་ན། ང་ཚོ་ནི་གཅིག་གིས་གཅིག་ལ་བཟའ་བའི་གཅན་གཟན་སྡིག་པ་ཅན་ཚོ་དང་ཁྱད་པར་ཅི་ཞིག་འདུག།

ད་དུང་ཨ་རབ་ཕྱོགས་ཀྱི་བུ་མོ་དག་དང་མཚུངས་སྡུར་བྱས་ན་བོད་ཀྱི་བེད་མེད་དག་གི་དབང་ཚད་ཀྱང་ངོ་གནོང་མི་དགོས་པ་ཞིག་འདུག་ཀྱང་། བུད་མེད་ཚོས་ངེས་བར་དུ་རེ་ཐག་ཆད་པའི་མིག་ཟུང་ལ་སྐྱོ་ཉམས་ཀྱིས་ཁེངས་ནས་མི་འདུག་པར། ངོ་ཚ་ཁ་སྐྱེངས་དགོས་པའི་ཕོ་དབང་རིང་ལུགས་པའི་གཏུམ་སྤྱོད་ལ་ངོ་རྒོལ་དྲག་ཏུ་བྱ་རྒྱུ་དང་། རིང་མིན་ཁྱོད་ཚོ་གཉིད་ལས་སད་དེ་ཡར་ལངས་ཡོང་པར་ང་ལ་སྙིང་ནས་ཡིད་ཆེས་བརྟན་པོ་ཡོད།

  བཞི་བ།

བོད་མི་ཚོའི་བཤད་སྲོལ་ཞིག་ལ། གང་དུ་འབྲོག་པ་ཡོད་ན་དེ་རུ་རྟ་རྒྱུག་ཡོད་ཅེས་པ་ལྟར།   རྟ་ནི་འབྲོག་པའི་འཚོ་བ་དང་ཁ་བྲལ་ཐབས་མེད་པའི་འགྲིམ་འགྲུལ་གྱི་གྲུབ་ཆ་གལ་ཆེན་ཞིག་བཟུང་ཡོད། འོ་ན། སྐྱེས་པ་ལས་བེད་མེད་རྟ་རྒྱུག་མཁན་ཞིག་ང་ཚོའི་མཐོང་ཡུལ་དུ་མ་གྱུར་པའི་རྒྱུ་དང་རྐྱེན་གང་ཡིན་ནམ་ཞེ་ན། ད་གཟོད་འདྲི་ཚིག་དེ་ལ་བརྟེན་ནས། བྱིས་སྒྲུང་འདིའི་ནང་གི་མི་སྣ་གཙོ་བོ་སྟེ་པད་འཚོའི་མི་ཚེའི་བརྒྱུད་རིམ་ལ་ཞིབ་མོར་རྣམ་འཐག་གི་དཔྱད་ཞིབ་ཞིག་འཁྱོང་བའི་སྟོང་སེམས་དེ་མེད་པའི་ཐོག་ནས་འཇུས་པ་ཡིན་ཟེར་ཆོག།

ཡིན་ནའང་། ཡུལ་སྲོལ་གོམས་གཤིས་གང་ཞིག་ཡིན་ཡང་མུ་མཐུད་དུ་གནས་རིན་མེད་པ་ཞིག་ཡིན་ཚེ། འགྱུར་བ་གཏོང་དགོས་པ་ནི་སད་རྟོགས་ཀྱི་བློ་ཞིག་ཡིན་པ་བཤད་མ་དགོས་པ་ལྟར། ཡུལ་དེའི"རྒྱུག་རྟ་རྣམས་གཅིག་རྗེས་གཉིས་མཐུད་དུ་རྗེས་སུ་ལུས"པའི་ཉེར་ལེན་ལ་བརྟེན། དེ་གའི་རྒད་པོ་མགོ་གྱོང་ཚོ་ལའང་བསམ་བློ་གཞན་ཞིག་མི་འདོད་བཞིན་དུ་དང་དུ་ལེན་དགོས་པའི་བློ་འགྱོད་ཕྱིན་ཡོད། ཕམ་ཉེས་དེས་པད་འཚོའི་ཆོད་སེམས་མངོན་དུ་འགྱུར་བར་གྲོགས་བྱས་ཤིང་། རླུང་རྟ་རྒྱུག་པའི་འགོ་བརྩམས་འདུག།

དེ་ཡང་ནུབ་ཕྱོགས་པ་ཞིག་གིས། "ཉེན་ཁར་བརྒྱུད་རོགས།  གལ་ཏེ་ཁྱོད་རང་རྒྱལ་ན་བདེ་སྐྱིད་འབྱུང་ངེས་པ་དང་། ཕམ་ནའང་བློ་གྲོས་ཅན་དུ་འགྱུར་ངེས།" ཞེས་པ་དང་།   "འོབས་ལ་ཐེངས་གཅིག་ལྷུང་ན། ཤེས་རབ་ཐེངས་གཉིས་འཕེལ།"ཞེས་པའི་རྩ་དོན་ལྟར།  པདྨ་འཚོས་ཀྱང་ཉེན་ཁ་ལས་དགའ་ཕྱོགས་གཙིགས་སུ་བཟུང་། གཞན་གྱི་བཤད་ཡམ་ལས་རང་དོན་གཙིགས་སུ་བཟུང་ནས་རྟ་རྒྱུག་ལ་ཞུགས། རྟ་ལ་རྒྱུག་པ་ནི་གཡུལ་ལ་ཞུགས་པ་དང་འདྲ་བར། མང་བོ་ཞིག་བློས་བཏང་ནས་གྲ་སྒྲིག་ཨང་གསར་ཞིག་དགོས་པ་བསྙོན་དུ་མེད་ལ། རྒྱུ་ཚོགས་མ་ཚང་བར་འབྲས་བུ་ཞིག་གནམ་ནས་མི་འབབ་ལ་ས་ནས་ཀྱང་མི་སྐྱེ་བའི་ཆོས་ཉིད་ལྟར། མོ་འགྲན་རྩོད་ལ་ཞུགས་པ་ནས་བཟུང"ཨང་དང་བོ་ཤ་སྟག་བླངས་"འདུག་པར་བལྟས་ཚེ།

"རང་ལ་གང་ཡོད་པའི་བཀྲག་མདངས་དེ་ཉར་འཚག་བྱས་ན། དེས་སྡང་ཟུག་མཁན་པོ་དག་གི་མིག་ལོང་བ་བཟོ་ཐུབ"ཅེས་པའི་སྡོམ་ཚིག་ལྟར། ཡུལ་དེའི་རྒྱུ་ཆེན་དབང་ཆེན་དག་གི་གཙོས་སྡེ་མི་དང་ཁྱིམ་མཚེས་ཚོའི་ཁ་ལ་ཅི་ཡང་སྨྲ་བ་མེད་པའི་རྡོ་རྗེ་རྒྱ་གྲམ་ཞིག་འབྲོག་མོ་ཆུང་ཆུང་དེས་རིན་མེད་དུ་བསྟབས་འདུག། ལྟོས་དང་སྒེར་གཅོད་པ་ཞིག་ཡིན་ཕྱིན་ཕྱི་ནང་གང་དུ་ཡོད་ཀྱང་ཆོག་ལ། གཞུང་སྒེར་གང་ཡིན་ཡང་ཆོག། ཁྱོད་ཚོ་འབངས་ཀྱིས་ཡུན་རིང་སྒུག་མི་སྲིད་ལ་། འབྱུང་འགྱུར་ལོ་རྒྱུས་ཀྱིས་དེ་བས་ཀྱང་བརྗེད་མི་སྲིད། ཅེས་པ་ཅིས་མི་བདེན།

ང་ཚོས་རྟག་པར་སྒྲོག་བཞིན་པའི་སྐད་ཆ་ཞིག་སྟེ། "བུད་མེད་གནམ་གྱི་ཀ་བ་ཡིན"ཞེས་འུད་ཀྱིས་བསྟོད་པའི་གཤིས་ཀ་དེ་བདག་ལ་མེད་ཀྱང་། བུད་མེད་ཚོ་ལ་ཡང་སྐྱེས་པ་ནང་བཞིན་དགའ་སྐྱོ་ཆགས་སྡང་གི་ཚོར་བ་ཡོད་པའི་འགྲོ་བ་མི་ཞིག་རེད་ལ། རང་གི་མ་དྲིན་མོ་ཆེ་ཡང་བུད་མེད་ཅིག་ཡིན་པའི་ལྟ་སྟངས་དང་འབྲེལ། སྐྱིད་སྡུག་མཉམ་གཤིབ་བྱེད་པའི་འདྲ་མཉམ་གྱི་ལྟ་བ་དང་ཐོབ་ཐང་དེ་ཁོ་ཚོར་ཅི་ལ་མི་དགོས་ཞེས་སྨྲ་ན་འདོད་བྱུང་།

གང་ལྟར་མཇུག་མཐར་ཞུ་འདོད་པ་ནི། ང་ཚོ་སུ་ཡིན་ཡང་པད་འཚོ་ལྟར། མི་ཚེ་ཞེས་པ་ནི་རི་བོའི་སྒང་གི་ལམ་ཕྲན་ལྟར་འབའ་འབུར་དང་ཀྱག་ཀྱོག་གི་ཁུགས་སོ་རིམ་གྱིས་བརྒྱུད་པར།  སེམས་མ་འཁུམ་བག་ལ་མ་ཞ་བར་མུ་མཐུད་དུ་སྐྱོད་དང་། མཐར་རི་རྩེ་ཡི་མཐོང་རྒྱ་དེས་མོ་དང་མོ་ལྟ་བའི་ང་ཚོའི་དམིགས་ཡུལ་མངོན་འགྱུར་བྱ་ཆོག།།

Topic: བྱིས་དེབ་ནང་གི་པདྨ་འཚོ་ལ་བལྟས་ཏེ་བསམ་ཚུལ་འགའ་གློད་པ།

No comments found.

New comment