wildyaks
Wildyaks
>
བྱིས་པའི་བདེ་ཐང་དང་བདེ་འཇགས་ལ་ཕན་པའི་རྒྱུན་ཤེས་འགའ།
བྱིས་པའི་བདེ་ཐང་དང་བདེ་འཇགས་ལ་ཕན་པའི་རྒྱུན་ཤེས་འགའ།
བྱིས་པའི་བདེ་ཐང་དང་བདེ་འཇགས་ལ་ཕན་པའི་རྒྱུན་ཤེས་འགའ།
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་
(WHO)
ཀྱི་དྲ་ངོས་སུ་འགྲེལ་བརྗོད་གནང་བ་ལྟར་ན། འཕྲོད་བསྟེན་ནི་མིའི་ལུས་ཁམས་དང་། སེམས་ཁམས། སྤྱི་ཚོགས་ཀྱི་འཕྲོད་བསྟེན་གནས་བབ་བཅས་ཡིན་པ་ལས་ནད་དང་ནད་ཡམས་ཀྱིས་བཟུང་དང་མ་བཟུང་ཙམ་མིན་ཞེས་བྲིས་འདུག སྤྱི་ལོ་༢༠༢༠ ལོའི་ཟླ་བ་༢་པའི་ཚེས་༢༠ ཉིན་ཨ་རིའི་སས་ཨན་བྷས་སས་
(CNBC)
་གསར་ཁང་གི་སྤེལ་བའི་གསར་འགྱུར་ལྟར་ན། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་དྲུང་ཆེ་དང་སློབ་དཔོན་ཆེན་མོ་ཊེ་སྒྲི་རོ་སུ་ཨ་ཊི་ནོམ་
(Dr. Tedros Adhanom Ghebreyesus)
་མཆོག་གིས་ང་ཚོས་མི་རབས་རྗེས་མ་ཚོའི་ཆེད་དུ་ཚད་དང་ལྡན་པའི་ལས་ཀ་བྱེད་ཐུབ་ཀྱི་མེད་པ་དང་། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་དབང་འཛིན་པ་དག་གིས་བྱིས་པའི་བདེ་ཐང་དང་འཕྲོད་བསྟེན་སྲུང་སྐྱོབ་བྱེད་པའི་འགན་འཁྲི་འཐུས་ཤོར་དུ་གཏོང་བཞིན་འདུག་ཅེས་གསུངས་འདུག དེ་ལྟར་ན། གཞུང་དང་ཚོགས་པ། ཁྱིམ་ཚང་བཅས་སྤྱི་ཚོགས་ཀྱི་ཁོངས་གཏོགས་ཚང་མས་བྱིས་པའི་བདེ་ཐང་དང་འཕྲོད་བསྟེན་སྲུང་སྐྱོབ་བྱེད་པའི་འགན་འཁུར་དགོས། དེས་ན་ང་ཚོ་བོད་པའི་ཕ་མ་ཚོས་ཀྱང་བོད་ཕྲུག་རྣམས་ཀྱི་ལུས་ཁམས་དང་སེམས་ཁམས། ཁྱིམ་ཚང་གི་འཕྲོད་བསྟེན་སོགས་ལ་བདག་གཅེས་བྱས་ཏེ་བུ་ཕྲུག་བདེ་ཐང་ཅན་ཞིག་གསོ་སྐྱོང་བྱེད་དགོས་སོ།
བྱིས་པ་ཚོའི་ལུས་སེམས་ཀྱི་བདེ་ཐང་དང་འཕྲོད་བསྟེན་ཡག་ཉེས་ཀྱི་འབྱུང་རྩ་གཙོ་བོ་ཞིག་ནི་བཟའ་བཏུང་སྤྱོད་ལམ་དང་བཟའ་བཏུང་གི་སྤུས་ཀའི་བཟང་ངན་ལ་ཐུག་ཡོད། དེས་ན་བྱིས་པ་ཆུང་ངུའི་སྐབས་སུ་བྱིས་པའི་ཕོ་བར་འཇུ་དཀའ་བའི་ཟས་རོ་སྐ་བ་དང་ཚ་བའི་རིགས་མི་སྤྲོད་པར། བྱིས་པའི་ཕོ་བར་འཇུ་སླ་བའི་ཟས་ཤིང་ཏོག་དང་སྔོ་ཚལ་གྱི་རིགས་དང་། འོ་མ་དང་ཞོ་སོགས་བཏུང་བའི་རིགས། ཤ་སོགས་འཚོ་བཅུད་བཟང་བའི་རིགས་སྤྲོད་དགོས་པར་བཤད། གལ་སྲིད་ང་ཚོས་བུ་ཕྲུག་གི་ལུས་སེམས་ཀྱི་འཚར་ལོངས་ལ་ཕན་པའི་བཟའ་བཏུང་སྤྲད་པ་ཡིན་ན། བུ་ཕྲུག་གི་ལུས་ཁམས་བདེ་ཞིང་སེམས་ཁམས་ལྷོད་ལ་གནས་ཐུབ་པ་དང་། སེམས་གསལ་རིག་གི་ངོ་བོར་གནས་ཐུབ་པ་དང་རིག་པ་སྒྲིམ་ཐུབ་པར་ཕན་ཐོགས་ཡོད། ཁྱད་པར་དུ་གངས་རིའི་ཁྲོད་དུ་སྐྱེས་ཤིང་རྩྭ་ཐང་ནས་འཚར་ལོངས་བྱེད་བཞིན་པའི་བྱིས་པ་ཚོའི་ལུས་སེམས་ཀྱི་བདེ་ཐང་དང་འཕྲོད་བསྟེན་ལ་ཆེས་འཕྲོད་བའི་བཟའ་བ་མཆོག་ཏུ་གྱུར་བ་དེ་ནི་མདོ་དབུས་མཐོ་སྒང་ནས་ཐོན་སྐྱེད་བྱས་པའི་གྲོ་ནས་སྲན་གསུམ་གྱི་རྒྱུ་ལས་གྲུབ་པའི་སྦྲང་དཀར་རྩམ་པ་དང་གྲོ་ཕྱེ་སོགས་དང་། རང་བྱུང་ཁམས་ཀྱི་སྨན་རྩྭ་ཟོས་ཤིང་རང་བྱུང་ཁམས་ཀྱི་སྨན་ཆུ་འཐུང་བའི་ནོར་ལུག་གི་ཤ་དང་། འཚོ་བཅུད་ལྡན་པའི་འབྲི་མར་དང་འབྲི་ཞོ་། འོ་མ་དང་ཆུར་བ། རྫས་ངན་སྣ་ཚོགས་ཀྱི་སླད་མ་འདྲེས་པའི་སྔོ་ཚལ་དང་ཤིང་ཏོག་སོགས་ཡིན་པ་རེད། བུ་ཕྲུག་གི་ལུས་སེམས་ལ་ཆེས་ཕན་ཐོགས་ཡོད་པའི་ཟས་མཆོག་ཏུ་གྱུར་བ་དེ་ནི་རང་ཁྱིམ་ནས་གཡོས་སྦྱོར་བྱས་པའི་ཕ་མ་གཉིས་ཀྱི་ལག་ཟས་ཡིན། དེ་ལྟར་ན་ཕ་མས་ནམ་ཡང་ལྷོད་གཡེང་མི་གཏོང་བར་བུ་ཕྲུག་གི་བདེ་ཐང་དང་འཕྲོད་བསྟེན་ལ་མི་གནོད་པའི་ཟས་རིགས་སྤུས་གཙང་སྤྲོད་དགོས་ཤིང་། དེང་སང་བཟོ་གྲྭ་ནས་ཐོན་སྐྱེད་བྱས་པའི་ཟས་རིགས་འབོར་ཆེན་དང་དུས་ཚོད་ཡོལ་ཟིན་པ། ཞག་རྩི་མང་བ་དང་ཁ་ཚ་མང་བ། ཚྭ་མང་བ་དང་མངར་ཁུ་མང་བ། འགྱིག་ཤོག་ནང་དུ་བཏུམ་པའི་ཟས་དང་འགྱིག་སྣོད་དུ་ཡོད་པའི་བཏུང་བའི་རིགས་ལ་གཟབ་ནན་བྱེད་རྒྱུ་གལ་ཆེའོ།
ཨ་རིའི་ཧ་ཝར་ཊི་སློབ་ཆེན་གྱི་སྨན་པའི་སློབ་གྲྭའི་སློབ་དཔོན་ཆེན་མོ་ཨལ་སས་ཀྲི་བེ་ར་སུ་
(Elsie Taveras)
མཆོག་གིས་ཞིབ་འཇུག་ལས་ཤེས་རྟོགས་ལྟར་ན། ཆུང་དུས་གཉིད་ཀྱིས་མ་འདང་བའི་སློབ་སྔོན་སློབ་གྲྭའི་བྱིས་པ་རྣམས་ལོ་བདུན་ཡར་མར་ལ་ཐོན་དུས་ཀླད་པའི་བྱེད་ལས་སྐྱོ་བོ་ཆགས་པའི་ཉེན་ཁ་ཆེན་པོ་འདུག་ཅེས་གསུངས་འདུག་པས། བྱིས་པའི་ཀླད་པའི་བྱེད་ལས་ཀྱི་ནུས་པ་མི་ཉམས་གོང་འཕེལ་དུ་འགྲོ་བའི་ཆེད་དུ་བྱིས་པ་མལ་ནས་གཉིད་དུ་འཇུག་དགོས་པ་དེ་གལ་ཆེན་པོ་ཡིན། བྱིས་པ་གཉིད་དུ་བཅུག་སྟེ་ལུས་སེམས་གཉིས་ལ་ངལ་གསོ་རུ་བཅུག་ན། བྱིས་པའི་ལུས་སེམས་ཀྱི་བདེ་ཐང་དང་འཕྲོད་བསྟེན་ལ་ཧ་ཅང་བཟང་བར་བཤད། འཕྲོད་བསྟེན་ཀྱི་ཚོགས་སྡེ་དག་གིས་བྱིས་པའི་ན་ཚོད་ལ་གཞིགས་པའི་དུས་ཡུན་ག་ཚོད་ལ་གཉིད་དགོས་པའི་ལམ་སྟོན་གནང་བ་འདི་ལྟར། ཕྲུ་གུ་བཙས་ནས་ཟླ་བ་བཞིའི་བར་དུ་དུས་ཚོད་༡༤་ནས་དུས་ཚོད་༡༧་བར་ལ་གཉིད་དགོས་པ་དང་། ཟླ་བ་བཞི་ནས་ཟླ་བ་༡༢་ཀྱི་བར་དུ་དུས་ཚོད་༡༢་ནས་དུས་ཚོད་༡༦་བར་ལ་གཉིད་དགོས་པར་བཤད། བྱིས་པ་ལོ་གཅིག་ནས་ལོ་གཉིས་ཀྱི་བར་དུ་དུས་ཚོད་༡༡་ནས་དུས་ཚོད་༡༤་བར་ལ་གཉིད་དགོས་པ་དང་། ལོ་གསུམ་ནས་ལོ་ལྔའི་བར་དུ་དུས་ཚོད་༡༠་ནས་དུས་ཚོད་༡༣་བར་ལ་གཉིད་དགོས་པ་དང་། ལོ་དྲུག་ནས་ལོ་བཅུ་གཉིས་པར་དུ་དུས་ཚོད་༩་ནས་དུས་ཚོད་༡༢་བར་གཉིད་དགོས་པར་བཤད། ལོ་བཅུ་གསུམ་ནས་ལོ་བཅོ་བརྒྱད་བར་དུ་དུས་ཚོད་༨་ནས་དུས་ཚོད་༡༠་བར་གཉིད་དགོས་པར་བཤད་འདུག དེ་ལྟར་ན། ང་ཚོས་བྱིས་པའི་ལུས་སེམས་ཀྱི་འཚར་ལོངས་ཀྱི་ཆེད་དུ་ངལ་གསོ་ཡག་པོ་བྱེད་དུ་འཇུག་རྒྱུ་གལ། གལ་སྲིད་བྱིས་པ་གཉིད་སྐྱིད་པོ་ཞིག་ཉལ་བ་ཡིན་ན། དྲན་པ་གསལ་ཞིང་ཕྱི་ཉིན་སློབ་ཚན་སྟེང་དུ་རིག་པ་སྒྲིམ་ཐུབ་པ་དང་བསམ་གཞིགས་ཡག་པོ་གཏོང་ཐུབ་པ་ཡིན། ཕ་མས་ནུབ་མོར་རྟག་པར་དུས་ཚོད་ལྟར་བུ་ཕྲུག་མལ་དུ་འཇོག་དགོས་པ་དང་མ་གཉིད་བར་དུ་དཔེ་ཀློག་བྱས་ན་བུ་ཕྲུག་ལ་གཉིད་སྐྱིད་པོ་ཡོང་ཐུབ་པར་བརྗོད། དེས་ན་ཕ་མས་བུ་ཕྲུག་གི་བདེ་ཐང་དང་འཕྲོད་བསྟེན། སེམས་ཀྱི་ཞི་བདེ་དང་ཀླད་པའི་འཕེལ་རྒྱས་ཀྱི་ཆེད་དུ་ནུབ་ལྟར་གཉིད་ཡག་པོ་ཞིག་ཉལ་དུ་བཅུག་སྟེ་ངལ་གསོ་རུ་འཇུག་དགོས་སོ།
བྱིས་པའི་བདེ་ཐང་བསམ་ན་སྨན་པའི་ཁ་ལ་ཉོན་ཟེར་བ་ལྟར། ཕྲུ་གུ་སྐྱེས་ནས་ཟླ་བ་འགའ་རེའི་ནང་དུ་སྨན་ཁང་དུ་སོང་སྟེ་ཕྲུ་གུའི་འཕྲོད་བསྟེན་ལ་བརྟག་ཞིབ་བྱེད་དགོས་ཤིང་། སྨན་པའི་བཀའ་མངག་ལྟར་སྨན་ཁང་ཚད་ལྡན་ནས་སྨན་ཉོས་ཏེ་བྱིས་པར་སྤྲོད་དགོས་པ་ལས། སྨན་ངོ་མི་ཟིན་པ་དང་ཐོན་ཁུངས་མི་གསལ་པའི་སྨན་རིགས་བུ་ཕྲུག་ལ་རྩ་བ་ནས་སྤྲོད་མི་ཉན། གལ་སྲིད་ཐོན་ཁུངས་མི་གསལ་བ་དང་སྨན་ངོ་མི་ཟིན་པའི་སྨན་གྱི་རིགས་བུ་ཕྲུག་སྤྲད་པ་ཡིན་ན་བུ་ཕྲུག་གི་ལུས་སེམས་ལ་གནོད་པ་ཆེན་པོ་སྐྱེལ་སྲིད་པས་གཟབ་དགོས། དེང་སང་དྲ་ལམ་དུ་བཙོང་བཞིན་པའི་བྱིས་པའི་འཚོ་བཅུད་ཀྱི་སྨན་རིགས་ནང་དུ་རྫུན་མ་མང་པོ་ཐོན་བཞིན་ཡོད་པས་ཧ་ཅང་གཟབ་དགོས། དེ་བཞིན་དུ་བྱིས་པར་རྩེད་ཆས་ཉོ་བའི་སྐབས་སུ་བྱིས་པའི་བདེ་འཇགས་དང་བདེ་ཐང་ལ་མི་གནོད་པའི་རིགས་ཉོ་རྒྱུ་གལ་ཆེ། གལ་སྲིད་སྙིང་རྗེ་བོ་དང་རིན་གོང་ཁེ་བོ་ཡིན་པའི་རྩེད་ཆས་ཀྱི་རིགས་ཉོས་ཏེ་བྱིས་པར་སྤྲད་པ་ཡིན་ན་བྱིས་པའི་བདེ་ཐང་དང་འཕྲོད་བསྟེན་ལ་གནོད་སྐྱེལ་སྲིད་པ་ཡིན། དཔེར་ན། སྤྱི་ལོ་༢༠༠༧་ལོར་ཨ་རི་གཙོས་པའི་ཡོ་རོབ་ཀྱི་རྒྱལ་ཁབ་མང་པོས་རྒྱ་ནག་ནས་བཟོས་པའི་བྱིས་པའི་རྩེད་ཆས་མང་པོ་ཞིག་བཀག་སྡོམ་བྱས་པ་རེད། སྐབས་དེར་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། བྱིས་པའི་རྩེད་ཆས་ལ་ཞ་ཉེའི་རྩི་ཚད་ལས་བརྒལ་བ་བྱུགས་ཡོད་པ་དང་དེ་ནི་བྱིས་པའི་འཕྲོད་བསྟེན་ལ་གནོད་ཀྱི་ཡོད་པར་བཤད། དེ་ནས་ཡང་སྤྱི་ལོ་༢༠༡༩་ལོའི་ཟླ་བ་༡༡་པའི་ཚེས་༢༨་ཉིན་གསར་ལམ་དུ་ཐོན་པའི་གནས་ཚུལ་ཞིག་ཏུ་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་ཁོངས་གཏོགས་ཀྱི་རྒྱལ་ཁབ་རྣམས་ལ་འགྱིག་བཟོས་རྩེད་ཆས་ལ་གཟབ་དགོས་པའི་བརྡ་ཁྱབ་བཏང་ཡོད་པ་དང་། ལོ་དེར་རྩེད་ཆས་རིགས་མི་འདྲ་བ་༢༤༨་བཀག་འགོག་བྱས་ཡོད་པ་དང་། རྩེད་ཆས་བརྒྱ་ཆའི་༩༢་བྱིས་པའི་བདེ་འཇགས་དང་འཕྲོད་བསྟེན་ལ་ཧ་ཅང་གནོད་པའི་ཉེན་བརྡ་བཏང་འདུག དེས་ན་ཕ་མ་ཚོས་ཀྱང་བུ་ཕྲུག་གི་བདེ་ཐང་དང་འཕྲོད་བསྟེན། བདེ་འཇགས་ཀྱི་ཆེད་དུ་སྨན་ཉོ་བ་དང་རྩེད་ཆས་ཉོ་བའི་སྐབས་སུ་ཡིད་གཟབ་ངེས་པར་དུ་བྱེད་དགོས།
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་
(WHO)
ལ་སོགས་པའི་འཛམ་གླིང་གི་གཞུང་སྒེར་མང་པོས་མ་འོངས་འཇིག་རྟེན་གྱི་བདག་པོ་དང་འགྲོ་བ་མིའི་རིགས་ཀྱི་ཤུལ་འཛིན་ན་ཆུང་བྱིས་པ་རྣམས་ཀྱི་བདེ་ཐང་དང་འཕྲོད་བསྟེན་གྱི་ཆེད་དུ་རིམས་ནད་ལ་སོགས་པའི་ནད་རིགས་སྔོན་འགོག་དང་སྤྱི་ཚོགས་བདེ་དོན་གྱི་བྱ་བཞག་སོགས་ལ་བརྩོན་བཞིན་ཡོད་པ་ལྟར། ང་ཚོ་ཕ་མ་ཚོས་ཀྱང་རང་གི་བུ་ཕྲུག་གི་ལུས་སེམས་ཀྱི་བདེ་ཐང་དང་འཕྲོད་བསྟེན། ཁྱིམ་ཚང་གི་བདེ་དོན་སོགས་ལ་དོ་སྣང་ཆེན་པོ་སྤྲད་དེ་འཚོ་བཅུད་བཟང་བའི་ཟས་རིགས་སྤྲོད་དགོས་ཤིང་། བྱིས་པའི་འཚར་ལོངས་ཀྱི་ཆེད་དུ་གཉིད་སྐྱིད་པོ་ཉལ་དུ་འཇུག་དགོས་པ་ཡིན། ལྷག་པར་དུ་སྨན་དང་རྩེས་ཆས་སོགས་ཉོ་བའི་སྐབས་སུའང་བརྟག་དཔྱོད་ཞིབ་འཇུག་བྱས་ཏེ་ཆ་རྒྱུས་ཡོད་པའི་སྒོ་ནས་ཉོ་དགོས།བདེ་ཐང་གི་བུ་ཕྲུག་ཅིག་སྐྱེད་སྲིང་བྱེད་པ་ནི་ཕ་མར་འཁྲུ་བའི་འོས་འགན་ཡིན་པར་བརྟེན་དུས་ནམ་ཡང་ལྷོད་གཡེང་དུ་གཏོང་མི་ཉན་ནོ།།
Topic: བྱིས་པའི་བདེ་ཐང་དང་བདེ་འཇགས་ལ་ཕན་པའི་རྒྱུན་ཤེས་འགའ།
No comments found.
New comment
Name
Subject
Comment
Please copy this text: 68f3e7fd2047
Menu
གློག་ཀླད་ལས་འཆར། Computer Project
བྱིས་སྐྱོང་བསླབ་བྱ།
སྐད་ཡིག་བསླབ་བྱ། Quotes
བསླབ་བྱ་གྲགས་ཆེན། Famous Quotes
ང་ཚོའི་སྐོར། About us
བྱིས་སྐྱོང་སློབ་གསོའི་མན་ངག་གཅེས་བཏུས།
བྱིས་པའི་གླུ་གཞས། Children's songs
བྱིས་པའི་བརྙན་འཕྲིན། Videos
ཐ་སྙད་གསར་བ།new vocabulary
བོད་ཡིག་སྦྱོང་ས། Learning Tibetan
སྒྲ་ལྡན་བྱིས་སྒྲུང་། Stories on MP3
འདྲ་པར། Event Photos
ཚོང་ཁང་། Shopping
ལོ་རེའི་སྙན་ཐོ། Annual report
བྱ་འགུལ། Events
སྣ་ཚོགས། Variety
གཡག་རྒོད་དང་འབྲེལ་བའི་གསར་འགྱྱར། Wildyaks in the news
Search site
Search site
Contact
Administrator
416-453-9887
admin@wildyaks.com
Homepage
Site map
RSS
Print