wildyaks
Wildyaks
>
བྱིས་པའི་སྟེང་དུ་དྲག་སྤྱོད་བཀོལ་བའི་གནས་ཚུལ་དང་འབྲེལ་བའི་བྱིས་པའི་ཁེ་དབང་སྲུབ་སྐྱོབ་ཀྱི་ཁྲིམས་སྒྲིག་སྐོར་གྱི་བྱུང་རབས་མདོར་བསྡུས།
བྱིས་པའི་སྟེང་དུ་དྲག་སྤྱོད་བཀོལ་བའི་གནས་ཚུལ་དང་འབྲེལ་བའི་བྱིས་པའི་ཁེ་དབང་སྲུབ་སྐྱོབ་ཀྱི་ཁྲིམས་སྒྲིག་སྐོར་གྱི་བྱུང་རབས་མདོར་བསྡུས།
བྱིས་པའི་སྟེང་དུ་དྲག་སྤྱོད་བཀོལ་བའི་གནས་ཚུལ་དང་འབྲེལ་བའི་བྱིས་པའི་ཁེ་དབང་སྲུབ་སྐྱོབ་ཀྱི་ཁྲིམས་སྒྲིག་སྐོར་གྱི་བྱུང་རབས་མདོར་བསྡུས།
ཉེ་ཆར་འབྲོག་མོ་དཀྱུས་མ་ཞིག་གིས་སློབ་གྲྭའི་ཁོར་ཡུག་དང་འབྲེལ་བའི་དགོངས་ཚུལ་གསུངས་པའི་སྒྲ་སྒམ་ཞིག་དང་བུ་མོ་འགས་སློབ་གྲོགས་བུ་མོ་ཞིག་ལ་བརྙས་བཅོས་བྱས་པའི་བརྙན་ཐུང་ཞིག་དྲ་ལམ་དུ་རིམ་པར་ཐོན་པ་དང་། དེ་འབྲེལ་གྱི་འཚོ་གནས་དང་ལས་གནས་མི་འདྲ་བའི་སྐྱེས་ཕོ་མོ་མང་བོས་རང་རང་གི་ལྟ་ཚུལ་དང་བསམ་ཚུལ་གསུངས་ཏེ་བོད་པའི་སྐད་འཕྲིན་ཚོགས་པ་མང་པོ་ཟང་ཟིང་དུ་གྱུར།སློབ་གསོའི་བྱ་བཞག་གོང་འཕེལ་གྱི་བྱ་བཞག་ལ་གཞོལ་བཞིན་པའི་དགེ་རྒན་མང་པོས་ཀྱང་འབྲོག་མོའི་སྐད་ཆ་ལ་ཉན་དགོས་པའི་རྒྱུ་མཚན་དང་གནས་ལུགས་གསུངས་ཤིང་། སློབ་གྲྭའི་ཁོར་ཡུག་ཏུ་བྱུང་བའི་དོན་རྐྱེན་ལ་སློབ་གསོའི་སྡེ་ཁག་དང་སློབ་གྲྭའི་འཛིན་སྐྱོང་། དགེ་རྒན་བཅས་ཀྱིས་ཞིབ་འཇུག་བྱས་ཏེ་འཕྲལ་ཕུགས་བར་གསུམ་ལ་ཕན་པའི་ཐག་གཅོད་དང་བཅོས་བསྒྱུར་གཏོང་དགོས་པའི་ལེགས་བཤད་ཅ་ནོམ་པ་གནང་ཞིང་། ལྷག་པར་དུ་མཛད་རྗེས་ཅན་དང་ཉམས་མྱོང་ཅན་གྱི་དགེ་རྒན་ཚོས་བྱིས་པའི་སྟེང་དུ་དྲག་སྤྱོད་བཀོལ་ཏེ་སྒྲིག་ལམ་འཇོག་པའི་དུས་ཚོད་ཡོལ་ཟིན་པའི་གནས་ཚུལ་དཔེ་དོན་ལ་སྦྱར་ཏེ་གསུངས། ཡིན་ནའང་། བསམ་པ་བཟང་ཡང་སློབ་གསོའི་བྱེད་ཐབས་ལ་རྨོངས་པའི་དགེ་རྒན་རེ་ཟུང་ཞིག་གིས་བོད་པའི་སྤྱི་ཚོགས་ནི་དྲག་སྤྱོད་བཀོལ་མི་དགོས་པར་བྱིས་པར་སློབ་གསོ་སྤྲོད་པའི་ཚད་ཐིག་ལ་སླེབས་མེད་པ་དང་། གལ་སྲིད་ང་ཚོས་བྱིས་པ་ཚོར་གཅར་རྡུང་མྱོང་མི་དགོས་པའི་ཁེ་དབང་དང་ཁྲིམས་ལུགས་ཤེས་སུ་བཅུག་ན་བྱིས་པར་སྒྲིག་ལམ་འཇོག་མི་ཐུབ་པ་དང་། དེང་སང་གི་ཆེད་མཁས་པ་ཚོས་བྱིས་པའི་སྟེང་དུ་དྲག་སྤྱོད་བཀོལ་ན་མཇུག་འབྲས་ངན་པ་ཡོད་པའི་ཞིབ་འཇུག་གི་སྙན་ཐོ་དག་བྱིས་པ་ལ་ཤེས་སུ་འཇུག་མི་ཉན་པའི་བསམ་ཚུལ་དང་། གལ་སྲིད་བྱིས་པ་ཚོས་གནས་ཚུལ་དེ་དག་ཤེས་པ་ཡིན་ན། མ་འོངས་པར་བྱིས་པ་ཚོས་ཕ་མ་དང་དགེ་རྒན་ལ་ངོ་རྒོལ་བྱེད་པའི་ལག་ཆ་རུ་བཀོལ་མི་སྲིད་པ་མིན་པས་གཟབ་དགོས་བ་ཚོར་ཤུགས་ཆེན་པོས་བཤད། དེ་ལྟར་ན་གཤམ་དུ་བྱིས་པའི་སྟེང་དུ་དྲག་སྤྱོད་བཀོལ་མི་ཉན་པའི་གནས་ཚུལ་གླེང་དུས་བོད་མི་རེ་ཟུང་གིས་སེམས་ཚོར་དང་ངོ་རྒོལ་བྱེད་པའི་རིག་ལམ། འཛམ་གླིང་ཁྱོན་ཡོངས་ཀྱི་ནང་དུ་བྱིས་པ་ཚོ་དྲག་སྤྱོད་ཀྱི་སྡུག་བསྔལ་མྱོང་བཞིན་པའི་གནས་ཚུལ་མདོར་བསྡུས་དང་། བྱིས་པའི་ཁེ་དབང་སྲུབ་སྐྱོབ་ཀྱི་ཁྲིམས་ལུགས་ཀྱི་བྱུང་རིམ་དང་འཕེལ་རྒྱས་ཀྱི་སྐོར་ལ་རགས་ཙམ་གླེང་བར་འདོད་དོ།།
དེང་སང་བོད་པའི་སྤྱི་ཚོགས་དྲ་ལམ་དུ་བྱིས་པའི་སྟེང་དུ་དྲག་སྤྱོད་བཀོལ་མི་ཉན་པའི་གནས་ཚུལ་སྤེལ་བ་དང་གླེང་བའི་སྐབས་སུ་བོད་མི་རེ་ཟུང་གིས་དེ་མ་ཐག་ཁོང་ཁྲོ་ལངས་ཤིང་། གཅར་རྡུང་མི་བྱེད་པར་བྱིས་པ་ལ་སྒྲིག་ལམ་འཇོག་ཚུལ་ཞིག་ཡོད་པ་མ་རེད་ཅེས་ཁ་རྡུང་གཏོང་བ་དང་ཁ་ཚོད་གཅོད་ཀྱི་ཡོད། ཁོ་ཚོ་རེ་ཟུང་ཞིག་གིས་བྱིས་པར་གཅར་རྡུང་བྱས་ན་མི་སྐྱོན་པའི་སྒྲུབ་བྱེད་དུ་སྔོན་ཆད་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་སུ་དེད་དཔོན་སྙིང་རྗེ་ཅན་གྱིས་མི་ནག་མདུང་ཐུང་ཅན་བསད་དེ་དག་པའི་ཞིང་དུ་སྐྱེས་པའི་ལོ་རྒྱུས་གསུངས་ཏེ་བསམ་པ་བཟང་ན་བྱིས་པའི་སྟེང་དུ་དྲག་སྤྱོད་བཀོལ་ན་ཡག་པོ་ཡོད་པ་རེད་ཅེས་གསུང་གི་ཡོད། ཡང་རེ་ཟུང་ཞིག་གིས་བྱིས་པ་གཅར་རྡུང་བྱས་ན་མཇུག་འབྲས་ངན་པ་ཡོད་པའི་གནས་ཚུལ་བགྲོ་གླེང་བྱེད་རྒྱུ་མང་ན་མི་རིགས་ལ་ཕན་ཐོགས་མེད་ཚུལ་བཤད་ཀྱི་ཡོད་པ་རེད། རེ་ཟུང་ཞིག་གིས་དེ་ནི་ཕྱི་རྒྱལ་གྱི་ལམ་ལུགས་ཤིག་ཡིན་པས་བོད་པའི་སྤྱི་ཚོགས་ལ་འཚམ་པོ་མེད་པ་དང་ཕྱི་རྒྱལ་དུ་ཡོད་པའི་བོད་པའི་ཕ་མ་ལབ་རྒན་ཚོའི་ཁ་ལ་ཉན་རྒྱུ་ཡོད་པ་མ་རེད་ཅེས་རྒོལ་གྱིན་ཡོད།
དྲང་མོ་བཤད་ན། བྱིས་པའི་སྟེང་དུ་དྲག་སྤྱོད་བཀོལ་བའི་གོམས་གཤིས་ངན་པ་དེ་ནི་འཛམ་གླིང་མི་རིགས་ཚང་མ་ལ་ཡོད་པའི་གནད་དོན་ཞིག་ཡིན་པ་ལས་ང་ཚོ་བོད་མི་ཁོ་ནའི་ངན་གཤིས་ཞིག་རྩ་བ་ཉིད་ནས་མ་རེད། རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱིས་བྱིས་པར་སྡུག་སྦྱོང་གནར་གཅོད་གཏོང་བཞིན་པའི་གནས་སྟངས་ནི་སྐྱི་གཡའ་ཞིང་ཉན་མི་བཟོད་པ་ཞིག་ཡིན། དཔེར་ན་བྱིས་པ་དམག་ལ་དེད་པ་དང་། བྲན་གཡོག་ཏུ་བཀོལ་བ། བཙན་གཡེམ་བྱེད་པ་དང་ཚོང་རྫས་བྱེད་པའི་གནས་ཚུལ་མང་པོ་འཛམ་གླིང་ཤར་ནུབ་ཚང་མའི་སྤྱི་ཚོགས་ཁྲོད་དུ་ཡོད། ཡིན་ནའང་འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་བའི་རྗེས་སུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གསར་འཛུགས་གནང་སྟེ་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་གནང་བ་ནས་བཟུང་། རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གོང་འཕེལ་དུ་སོང་ཡོད་པ་དང་། ལྷག་པར་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་ལྷན་ཚོགས་དག་གིས་བྱིས་པའི་སྟེང་དུ་མནར་གཅོད་གཏོང་མ་ཉན་པའི་བྱ་འགུལ་རིམ་པར་སྤེལ་བར་བརྟེན་བྱིས་པའི་ཐོབ་ཐང་གི་བྱ་བཞག་ཡར་རྒྱས་གོང་འཕེལ་དུ་འགྲོ་བཞིན་པའི་དུས་སྐབས་ཤིག་ཡིན་པར་གྲགས་སོ།།
སྤྱི་ལོ་༢༠༢༠་ལོའི་ཟླ་བ་༡་པོའི་ནང་དུ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་སྔོན་མར་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་དུ་ལོ་༡༨་མ་སོན་པའི་བྱིས་པ་དུང་ཕྱུར་གཅིག་ཙམ་གྱིས་དྲག་སྤྱོད་ཀྱི་ཉེར་ལེན་ལས་བྱུང་བའི་ལུས་སེམས་ཀྱི་སྡུག་བསྔལ་མྱོང་བཞིན་ཡོད་པར་བརྗོད་འདུག་པ་དང་། བྱིས་པའི་སྟེང་དུ་དྲག་སྤྱོད་བཀོལ་བའི་རྐྱེན་རྩ་གཙོ་བོ་སློབ་སྦྱོང་གི་གནས་ཚད་ཞན་པ་དང་ཡོང་འབབ་ཉུང་བ། དབང་བོ་སྐྱོན་ཅན་ཡིན་པ་དང་། དུད་ཆང་དང་རྫས་ངན་ལ་ལོངས་སུ་སྤྱོད་པ་ལ་གོམས་པ། བཟའ་ཚང་ཁ་བྲལ་བ་དང་བཟའ་འཁོན་མང་བ། བྱིས་སྐྱོང་ཉམས་མྱོང་མེད་པ་དང་བྱིས་པའི་སྟེང་དུ་དྲག་སྤྱོད་བཀོལ་ན་མི་སྐྱོན་སྙམ་པའི་འདུ་ཤེས་སོགས་ཡིན་པར་བརྗོད་འདུག ལྷག་པར་དུ་བྱིས་པའི་སྟེང་དུ་དྲག་སྤྱོད་བཀོལ་ན་མཇུག་འབྲས་ཡ་ང་བ་མང་བོར་ཡོད་པའི་ཉམས་ཞིབ་ཀྱི་སྙན་ཐོ་སྟོང་ཕྲག་མང་བོ་ཡོད་པར་བཤད། འདིར་དཔེ་མཚོན་ཤ་ཆས་བཀོད་པ་ཡིན་ན། ང་ཚོ་དང་ཁ་ཐག་ཉེ་བའི་རྒྱལ་ཁབ་ཀོ་རི་ཡའི་ནང་གི་རྒྱལ་ཡོངས་ན་གཞོན་གྲོས་ཚོགས་ཞེས་པས་སྤྱི་ལོ་༢༠༡༨ ལོའི་ཟླ་བ་༨ པའི་ནང་སློབ་མ་༩༠༦༠ ལ་བཅར་འདྲི་བརྒྱུད་དེ་ཞིབ་འཇུག་གི་གྲུབ་དོན་ནི་སློབ་མ་བ རྒྱ་ཆའི་༢༩ ལ་རང་ཤི་རྒྱག་པའི་བསམ་འདུན་སྐྱེས་མྱོང་ཡོད་པ་དང་། སློབ་མ་བརྒྱ་ཆའི་༡༩ ཡིས་སེམས་ཀྱི་སྡུག་བསྔལ་མྱོང་བཞིན་པ་དང་།
སློབ་མ་བརྒྱ་ཆའི་༡༢ ཀྱིས་ལུས་ཀྱི་སྡུག་བསྔལ་མྱོང་བཞིན་ཡོད་པར་བརྗོད་འདུག
ཡང་ཀོ་རི་ཡའི་དུས་བབ་ཅེས་པའི་གསར་ཤོག་དེས་སྤྱི་ལོ་༢༠༡༩ ལོའི་ཟླ་༧་པའི་ནང་དུ་གནས་ཚུལ་སྤེལ་བ་ལྟར་ན། ལོ་དེར་སློབ་མ་བརྒྱ་ཆའི་༣༣་ལ་རང་ཤི་རྒྱག་པའི་བསམ་འདུན་སྐྱེས་མྱོང་བ་དང་དེ། སྔར་ལོ་དང་བསྡུར་ན་རང་ཤི་རྒྱག་པའི་བསམ་འདུན་སྐྱེས་མྱོང་བའི་སློབ་མ་བརྒྱ་ཆའི་༥ ཡར་འཕར་ཡོད་པར་བརྗོད་པ་དང་། གནས་སྟངས་ཇེ་སྡུག་ཏུ་སོང་བའི་དབང་གིས་སྤྱི་ལོ་༢༠༢༡་ལོ་ཀོ་རི་ཡའི་མི་དམངས་ཚོགས་ཆེན་གྱིས་བྱིས་པའི་སྟེང་དུ་དྲག་སྤྱོད་གཏན་ནས་བཀོལ་ན་མི་ཆོག་པའི་ཁྲིམས་སྒྲིག་གཏན་འབེབས་བྱས་ཡོད་འདུག དེ་བཞིན་ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་ཉི་ཧོང་ནང་དུའང་དཀའ་ངལ་གཅིག་མཚུངས་སུ་འཕྲད་དེ་སྤྱི་ལོ་༢༠༢༠ ལོའི་ཟླ་བ་ ༤་བའི་ནང་དུ་བྱིས་པའི་སྟེང་དུ་དྲག་སྤྱོད་རྩ་བ་ནས་བཀོལ་མི་ཆོག་པའི་ཁྲིམས་ལུགས་གཏན་འབེབས་བྱས་ཡོད་འདུག དེ་ནས་གོ་ལ་མཉམ་འབྲེལ་གྱིས་བྱིས་པའི་སྟེང་དུ་དྲག་སྤྱོད་བཀོལ་མཚམས་འཇོག་པ་ཞེས་པའི་ཚོགས་པ་དེས་སྤྱི་ལོ་༢༠༢༡་ལོའི་ཟླ་བ་༤་བའི་ནང་དུ་བཏོན་པའི་སྙན་ཐོ་ལྟར་ན། སྤྱི་ལོ་༢༠༡༦ ལོར་ཚོགས་པ་དེ་བཙུགས་པ་ནས་བཟུང་ད་ལྟའི་བར་དུ་འཛམ་གླིང་གིི་རྒྱལ་ཁབ་༦༨ ཀྱིས་བྱིས་པའི་སྟེང་དུ་དྲག་སྤྱོད་གཏན་ནས་བཀོལ་མི་ཆོག་པའི་ཁྲིམས་ལུགས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ནང་དུ་གཏན་འབེབས་བྱས་ཏེ་ལག་ལྟར་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་༢༧་གྱིས་བྱིས་པའི་སྟེང་དུ་དྲག་སྤྱོད་རྩ་བ་ནས་བཀོལ་མི་ཆོག་པའི་བཅའ་ཁྲིམས་གཏན་འབེབས་བྱེད་རྒྱུ་ཡིན་པའི་ཁས་ལེན་བྱས་པ། རྒྱལ་ཁབ་༡༣༤་ཡིས་སློབ་གྲྭའི་ནང་ནས་སློབ་མའི་སྟེང་དུ་དྲག་སྤྱོད་བཀོལ་ན་ཁྲིམས་འགལ་ཡིན་པའི་བཅའ་ཁྲིམས་བཟོས་ཡོད་པར་བརྗོད་འདུག
ཡང་ཚོགས་པ་དེའི་དྲ་ཚུགས་ལྟར་ན་ཁོ་ཚོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་ལྷན་ཚོགས་ཀྱིས་ཁོངས་གཏོགས་རྒྱལ་ཁབ་༡༩༠་ལ་བྱིས་པའི་སྟེང་དུ་དྲག་སྤྱོད་བཀོལ་བ་བཀག་སྡོམ་བྱེད་དགོས་པའི་ལམ་སྟོན་དོན་ཚན་༤༨༠་མཚམས་སྦྱོར་བྱས་ཡོད་ཅེས་བརྗོད་འདུག འོན་ཀྱང་། བྱིས་པའི་སྟེང་དུ་དྲག་སྤྱོད་བཀོལ་བའི་གནད་དོན་དེ་ནི་ཧ་ཅང་གཞི་རྒྱ་ཆེ་ཞིང་། ཆེད་མཁས་པ་དང་བྱིས་པའི་ཁེ་དབང་སྲུང་སྐྱོབ་ཚོགས་པ། ཕ་མ་དང་དགེ་རྒན་སོགས་སྤྱི་ཚོགས་ཁྲོད་ཀྱི་གླེང་རྙོག་ཚ་བོ་ཞིག་ཡིན་པའི་གནས་ཚུལ་བྲིས་འདུག་གོ།
བྱིས་པའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་ཀྱི་བྱུང་རབས་དང་འབྲེལ་བའི་གནས་ཚུལ་ལ་ཕྱི་མིག་ཅིག་བལྟས་པ་ཡིན་ན། སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་ནང་དུ་ཕལ་ཆེར་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་སྐོར་གྱི་ཁྲིམས་ལུགས་སོགས་ཕལ་ཆེར་མེད་པར་སྣང་། ཡིན་ནའང་བྱིས་པ་ངལ་རྩོལ་ལ་ཞུགས་པ་མང་ཞིང་། ངལ་རྩོལ་ཁྲོད་དུ་བྱིས་པའི་བདེ་འཇགས་སྲུང་སྐྱོབ་དང་འབྲེལ་བའི་ཁྲིགས་སྒྲིག་རེ་ཡོད་པ་དཔེར་ན། སྤྱི་ལོ་༡༩༠༤་ལོར་ཨ་རིའི་སྤྱི་ཚོགས་གསར་བརྗེ་བ་ཧྥུ་ལོ་རན་སུ་ཁྭ་ལས་
(
florence Kelley)
་
ཞེས་པའི་བུད་མེད་ཅིག་གིས་རྒྱལ་ཡོངས་བྱིས་པའི་ངལ་རྩོལ་ཚོགས་ཆུང་ཞེས་པ་ཞིག་བཙུགས་པ་དང་། དེ་ལ་བརྟེན་ནས་སྤྱི་ལོ་༡༩༡༢་ལོར་ཨ་རིའི་གཞུང་གིས་ བྱིས་པའི་བདེ་འཇགས་ལྟ་རྟོག་བྱེད་མཁན་གྱི་ཚོགས་པ་
(
U.S. Childfren’s Bureau)
ཞེས་པ་གསར་འཛུགས་བྱས་པར་གྲགས། འཛམ་གླིང་དམག་ཆེན་དང་པོ་མཇུག་རྫོགས་རྗེས། ཡོ་རོབ་ཀྱི་རྒྱལ་ཁབ་རྣམས་གཙོས་པའི་མཐུན་ཕྱོགས་རྒྱལ་ཁབ་ཚོས་མཉམ་དུ་རྒྱལ་མང་མཐུན་ཚོགས་
(
League of Nations)
ཞེས་པའི་རྒྱལ་ཁབ་༦༠ ལས་གྲུབ་པའི་ཚོགས་པ་ཞིག་བཙུགས་པ་དང་། སྤྱི་ལོ་༡༩༢༤་ལོར་རྒྱལ་མང་མཐུན་ཚོགས་ཀྱིས་
(
Geneva Declaration of the Rights of the Child)
་
ཇི་ནཱེ་ཝ་བྱིས་པའི་ཐོབ་ཐང་གསལ་བསྒྲགས་ཐེངས་དང་པོར་གནང་བར་གྲགས། གསལ་བསྒྲགས་དེའི་ཟིན་བྲིས་འབྲི་མཁན་ནི་ཨ་སྒུ་ལན་ཀྲིན་ཅེ་བྷི་
(
Eglantyne Jebb)
ཞེས་པའི་དབྱིན་ཇིའི་བུད་མེད་སྤྱི་ཚོགས་གསར་བརྗེ་བ་ཞིག་ཡིན་པར་བཤད། མོས་འཛམ་གླིང་དམག་ཆེན་དང་པོའི་རྗེས་སུ་
(
Save the Children)
བྱིས་པ་སྲུང་སྐྱོབ་ཚོགས་པ་ཞེས་པ་ཞིག་གསར་བཙུགས་བྱས་ཡོད་པར་བཤད། འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་བའི་རྗེས་སུ། སྤྱི་ལོ་༡༩༤༥་ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གསར་འཛུགས་གནང་ཞིང་སྤྱི་ལོ་༡༩༤༧་ལོར་རྒྱལ་སྤྱིའི་བྱིས་པའི་ཛ་དྲག་ཐེབས་རྩ་
(
UNICEF)
་ཞེས་པ་གསར་འཛུགས་གནང་། སྤྱི་ལོ་༡༩༤༨་ལོའི་ཟླ་བ་༡༢་བའི་ནང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་ཏུ་གསལ་བསྒྲགས་གནང་། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་ཀྱི་ནང་གསེས་དོན་ཚན་དང་པོའི་ནང་དུ་འགྲོ་བ་མིའི་རིགས་ཐམས་ཅད་ལ་སྐྱེས་ཙམ་ཉིད་ནས་ཆེ་མཐོང་དང༌ཐོབ་ཐང། རང་དབང་དང་འདྲ་མཉམ་དུ་ཡོད་ཅེས་དང་། དོན་ཚན་གསུམ་པའི་ནང་དུ་སྐྱེ་བོ་རེ་རེ་ལ་སྲོག་འཚོ་བ་དང༌རང་དབང་ལ་སྤྱོད་པ། ལུས་ཕུང་བདེ་སྲུང་བཅས་ཀྱི་ཐོབ་ཐང་ཡོད་ཅེས་བཤད་ཡོད། ཡང་དོན་ཚན་ལྔ་བའི་ནང་དུ་མི་སུ་ཞིག་ཡིན་ཀྱང་མི་སྤྱོད་ལས་འདས་པའི་སྡིག་སྦྱོང་མནར་གཅོད་མྱོང་མི་དགོས་ཞེས་དང་། དོན་ཚན་བཅུ་དགུ་བའི་ནང་དུ་མི་ཚང་མ་ལ་བསམ་བློའི་རང་དབང་། གཏམ་བརྗོད་རང་དབང་ཡོད་ཅེས་བསྟན་ཡོད། དོན་ཚན་ཉེར་དྲུག་པའི་ནང་དུ་མི་ཚང་མ་ལ་སློབ་གསོ་མྱོང་བའི་ཐོབ་ཐང་ཡོད་ཅེས་བསྟན་ཡོད་པ་རེད། ཁྱད་པར་དུ་སྤྱི་ལོ་༡༩༨༩་ལོའི་ཟླ་བ་༡༡་པའི་ནང་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་བྱིས་པའི་ཐོབ་ཐང་མོས་མཐུན་ཡིག་ཆ་དོན་ཚན་༥༤་ལས་གྲུབ་པ་ཞིག་གསལ་བསྒྲུགས་གནང་ཞིང་། ཡིག་ཆ་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་༡༩༦་གིས་མཚན་རྟགས་བཀོད་ཡོད་པར་བཤད། ཁྲིམས་ལུགས་དེའི་ནང་དུ་གཙོ་ཆེ་ཤོས་བྱིས་པ་ཚོས་དབྱེ་འབྱེད་ཀྱི་སྡུག་བསྔལ་མྱོང་མི་དགོས་པ་དང་བྱིས་པ་དང་འབྲེལ་བའི་ཐག་གཅོད་གང་ཞིག་ཡིན་ཀྱང་བྱིས་པའི་འདོད་འདུན་གཙོ་བོར་འཛིན་དགོས་པ་སོགས་ཡིན། སྤྱི་ལོ་༢༠༡༤་ལོར་བྱིས་པའི་ཐོབ་ཐང་གྲོས་མཐུན་ཡིག་ཆ་དེ་ཡོངས་ཁྱབ་གསལ་བསྒྲགས་བྱས་ནས་མི་ལོ་༢༥་འགོར་བའི་དུས་དྲན་ཚོགས་འདུ་ཚོགས་ཏེ། ཨ་རི་དང་སོ་མ་ལེ་ཡ་རྒྱལ་ཁབ་གཉིས་མ་གཏོགས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མས་སླར་ཡང་གཞུང་འབྲེལ་མོས་མཐུན་དང་ཁས་ལེན་བྱས་ཡོད་པར་གྲགས། དེ་ལྟར་ནའང་གོ་ལ་མཉམ་འབྲེལ་གྱིས་བྱིས་པའི་སྟེང་དུ་དྲག་སྤྱོད་བཀོལ་མཚམས་འཇོག་པ་ཞེས་པའི་ཚོགས་པ་དེའི་དྲ་ངོས་སུ་གསལ་བ་ལྟར་ན། ད་ལྟའི་གནས་སྐབས་སུ་འཛམ་གླིང་ཁྱོན་ཡོངས་ལ་དྲག་སྤྱོད་ཀྱི་སྡུག་བསྔལ་རྩ་བ་ནས་མྱོང་མི་དགོས་པའི་བྱིས་པ་བརྒྱ་ཆའི་༡༣་ལས་མེད་པ་དང་། སློབ་གྲྭ་དང་བྱིས་སྐྱོང་ཁང་སོགས་སུ་དྲག་སྤྱོད་ཀྱི་སྡུག་བསྔལ་མྱོང་མི་དགོས་པའི་བྱིས་པ་བརྒྱ་ཆའི་༧༧་ཡོད་པར་བཤད། བྱིས་པ་བརྒྱ་ཆའི་༡༠ ཡིས་དྲག་སྤྱོད་ཀྱི་སྡུག་བསྔལ་མྱངས་དང་མྱོང་བཞིན་ཡོད་པའི་གནས་ཚུལ་བཀོད་འདུག་གོ།།
མདོར་བསྡུས་ན་རྒྱ་གར་གྱི་མེས་པོ་དམ་པ་གན་རྡི་མཆོག་གིས་དྲང་ཚུགས་ཡོད་པའི་སྟེང་ནས་མོས་མཐུན་མི་བྱེད་པ་ནི་ཡར་རྒྱས་ཀྱི་མཚོན་རྟགས་རེད་ཅེས་གསུངས་ཡོད་པ་ལྟར། ཉེ་ཆར་འབྲོག་མོ་དཀྱུས་མ་ཞིག་གིས་སློབ་གྲྭའི་ཁོར་ཡུག་དང་འབྲེལ་བའི་དགོངས་ཚུལ་གསུངས་པ་དང་སློབ་མ་བུ་མོ་ཁ་ཤས་ཀྱིས་སློབ་གྲོགས་བུ་མོ་ཞིག་ལ་བརྙེས་བཅོས་བྱས་པའི་གནས་ཚུལ་དང་འབྲེལ་བོད་མི་མཁས་བླུན་མང་བོས་དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་ནས་འཛེམ་དོགས་མེད་པར་བགྲོ་གླེང་གནང་བའི་རྣམ་པ་དེ་བོད་མི་ཚོས་སྤྱི་ཚོགས་ལ་འགན་འཁུར་ཏེ་སྤྱི་ཚོགས་ཡར་རྒྱས་སུ་འགྲོ་བཞིན་པའི་མཚོན་རྟགས་ཤིག་ལོས་ཡིན་སྙམ། ཡིན་ནའང་། འགྲོ་བ་མིའི་ཐོབ་ཐང་ནི་བྱིས་པའི་ཐོབ་ཐང་ཡིན་ཞིང་། བྱིས་པའི་ཐོབ་ཐང་ལ་འགན་ལེན་བྱེད་མཁན་གྱི་མི་སྣ་གཙོ་བོ་དག་ནི་ཕ་མ་དང་དགེ་རྒན། བྱིས་སྐྱོང་སློབ་གསོ་བ་དག་ཡིན་པར་སྣང་། རྒྱུ་མཚན་ནི་བྱིས་པ་ཆུང་ཆུང་ཚོར་རང་གི་ཁེ་དབང་སྲུང་སྐྱོབ་དང་ཐོབ་ཐང་འཐབ་རྩོད་བྱེད་པའི་ནུས་པ་མེད། དེར་བརྟེན་ཕ་མ་དང་དགེ་རྒན། བྱིས་སྐྱོང་སློབ་གསོ་བ་དང་འབྲེལ་ཡོད་ཚང་མས་བྱིས་པའི་རང་གཤིས་གསོ་སྐྱོང་བྱེད་པའི་ཤེས་འཇོན་གཉིས་ཀ་ཡོད་དགོས་པ་ཡིན། དེ་ནས་ང་ཚོའི་སྤྱི་ཚོགས་ཁྲོད་དུ་བྱིས་པའི་སེམས་ཁམས་རིག་པ་དང་བྱིས་པའི་ཐོབ་ཐང་སྐོར་ཐོས་དུས་རྣམ་རྟོག་ལངས་མཁན་རེ་ཟུང་ཡོད་པ་དང་། ཁོ་ཚོ་ནི་ས་ཁ་རུབ་ཀྱི་མི་མིག་རུབ་ཟེར་བའི་གཏམ་དཔེ་ལས་མ་འདས་ཤིང་། ད་ལྟ་རྒྱལ་སྤྱིའི་ཁྱོན་ཡོངས་ལ་བྱིས་པའི་སློབ་གསོའི་ཁ་ཕྱོགས་སྒོ་ཀུན་ནས་ཡར་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། ང་ཚོས་ཀྱང་ཁ་ཕྱོགས་དེ་ལ་བསྟུན་ཏེ་མདུན་སྐྱོད་བྱེད་དགོས་པ་ལས་ཁ་བྱང་བལྟས་ཀྱི་བྲག་ཁུང་ནང་དུ་གནས་ཐབས་གཞར་ནས་མེད་དོ།།
Menu
གློག་ཀླད་ལས་འཆར། Computer Project
བྱིས་སྐྱོང་བསླབ་བྱ།
སྐད་ཡིག་བསླབ་བྱ། Quotes
བསླབ་བྱ་གྲགས་ཆེན། Famous Quotes
ང་ཚོའི་སྐོར། About us
བྱིས་སྐྱོང་སློབ་གསོའི་མན་ངག་གཅེས་བཏུས།
བྱིས་པའི་གླུ་གཞས། Children's songs
བྱིས་པའི་བརྙན་འཕྲིན། Videos
ཐ་སྙད་གསར་བ།new vocabulary
བོད་ཡིག་སྦྱོང་ས། Learning Tibetan
སྒྲ་ལྡན་བྱིས་སྒྲུང་། Stories on MP3
འདྲ་པར། Event Photos
ཚོང་ཁང་། Shopping
ལོ་རེའི་སྙན་ཐོ། Annual report
བྱ་འགུལ། Events
སྣ་ཚོགས། Variety
གཡག་རྒོད་དང་འབྲེལ་བའི་གསར་འགྱྱར། Wildyaks in the news
Search site
Search site
Contact
Administrator
416-453-9887
admin@wildyaks.com
Homepage
Site map
RSS
Print