བྱིས་སྒྲུང་ནི་བྱིས་པའི་མ་མ་ཡིན། ─པདྨ་མཚོའི་འགྲན་རྩོད་ཅེས་པའི་བྱིས་སྒྲུང་བཀླགས་ཚོར།

བྱིས་སྒྲུང་ནི་བྱིས་པའི་མ་མ་ཡིན། ─པདྨ་མཚོའི་འགྲན་རྩོད་ཅེས་པའི་བྱིས་སྒྲུང་བཀླགས་ཚོར།

སྤྱི་རྒན་ཚེ་རིང་དོན་གྲུབ། གཏམ་གྱི་མགོ་མ། བར་སྐབས་ཤིག་ལ་གཞོན་པ་ཚང་མས་ལག་ཏུ་སྒྲ་བཟུང་ནས་རྡུང་ལེན་ལ་འབུངས། དེ་ནས་སྙན་ངག་དང་བརྩམས་སྒྲུང་གིས་མཚོན་པའི་རྩོམ་རིག་གསར་རྩོམ་གྱི་ལམ་དུ་ཞུགས། ཡང་བར་སྐབས་ཤིག་ལ་ཚང་མས་བརྙན་ཆས་བཟུང་ནས་གློག་བརྙན་གྱི་ལས་ལ་ཞུགས་པ་དང་ལས་སྒོ་གསར་སྤེལ་ལ་འབད་པ་ནང་བཞིན། ཁ་སང་དེ་རིང་བྱིས་པའི་སློབ་གསོ་དང་བྱིས་པའི་ཀློག་དེབ་ལ་འཇུག་མཁན་ཤིན་ཏུ་མང་མོད། རྒན་གཡག་རྒོད་དམ་དབལ་ཤུལ་མཁས་གྲུབ་ལགས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་བྱིས་པའི་སློབ་གསོ་དང་ཀློག་དེབ་ཀྱི་གནས་ཚུལ་གསལ་བོ་རིག་པ་དང་བོད་རང་གི་གནས་ཚུལ་གསལ་བོ་ཤེས་ནས། ལས་འདིའི་དགོས་མཁོ་དང་ཕན་ཡོན་སོགས་ཤེས་རྟོགས་གསལ་བོ་བྱུང་སྟེ་ལས་འདི་ལ་ཞུགས་པ་མ་གཏོགས། གཞན་དག་དང་འདྲ་བར་གཞན་རྗེས་སུ་འབྲངས་པ་མ་ཡིན་ལ། ལས་འདི་ལ་ཞུགས་མཁན་སྔ་ཤས་ཀྱི་རིགས་ཀྱང་ཡིན་པས་སྣེ་ཁྲིད་པའི་གྲས་སུ་ཡང་འགྲང་ཆོག་པར་སྙམ། བོད་ནང་གི་བྱིས་པའི་ཀློག་དེབ་དག་གཙོ་བོ་བོད་རང་གི་བྱིས་པ་ལ་ཁ་ཕྱོགས་ཡོད་པ་ཞིག་ཡིན་མོད། རྒན་ཁོང་གི་བྱིས་སྒྲུང་གི་ནང་དོན་ནི་ཕ་ས་དང་ཕ་ཡུལ། རྟ་ནོར་ལུག་གསུམ། རི་ཆུ་ནགས་གསུམ། བོད་རང་གི་སྲོལ་རྒྱུན་རིག་གནས་དང་ཆོས་ལུགས་རིག་གནས་སོགས་རིག་གནས་ཁྱད་པར་བ་དག་བརྗོད་བྱར་བཟུང་ནས་ཕྱི་སྡོད་བོད་མིའི་བྱིས་པ་དག་ལ་ཕ་ས་ཕ་ཡུལ་ངོ་ཤེས་པ་དང་དུངས་པ་སྐྱེ་བ། རང་ཉིད་མི་རིགས་གང་ཞིག་ཡིན་པ་ཤེས་སུ་འཇུག་པ་དང་འདུ་ཤེས་ཇེ་བརྟན་དུ་གཏོང་བ་སོགས་ལ་དམིགས་བསལ་གྱིས་ཁ་ཕྱོགས་ཡོད་པ་ཞིག་ཡིན་པས། ཁོང་གི་བྱིས་སྒྲུང་དག་དམིགས་བསལ་བ་ཞིག་ཏུ་མཐོང་གིན་ཡོད། རྒན་ཁོང་ནི་འཚོ་ཚིས་ཁོ་ནའི་དོན་དུ་ལས་འདི་ལ་ཞུགས་པ་མ་ཡིན་ལ། དེ་བས་ཀྱང་མཚན་སྙན་གྲགས་ཀྱི་ཆེད་དུ་ཞུགས་པ་མིན་པར། སྟོང་ཆ་ཞིག་སྐོང་བ་དང་དགོས་མཁོ་ཞིག་གསབ་པའི་ཆེད། རང་དོན་རྐྱང་རྐྱང་བཞིན་སློབ་སྦྱོང་དང་ལག་ལེན་ཟུང་འབྲེལ་གྱིས་ཞིབ་ཚགས་དང་འབད་པ་ཆེན་པོས་ལས་འདི་ལ་ཞུགས་མཁན་ཞིག་ཡིན་ལ། ལས་འདི་ལ་ཞུགས་ནས་ལོ་ངོ་མང་པོ་འགོར་ཡང་ད་དུང་མཚམས་བཞག་མེད་པར་སྔར་ལས་ཀྱང་འབད་འབུངས་བྱེད་པ། རྒན་ཁོང་ནི་རང་གི་སྐད་ཡིག་དང་རིག་གནས་རྩ་ཆེན་པོ་ཡིན་རབས། གལ་ཆེ་རབས་སོགས་ཁ་ནས་བཤད་རྐྱང་བྱས་ཏེ་རང་ཉིད་ཀྱི་བྱིས་པ་གཞན་དུ་གཏོང་མཁན་དེའི་རིགས་མིན་པར་ཕྱི་གླིང་ལུང་པ་ནས་བྱིས་པ་བོད་པ་རྣམ་ལ་ཞིག་ཏུ་གཏོང་མཁན་ཡིན་ལ། ཁ་ནས་བྱིས་པའི་སློབ་གསོ་དང་བྱིས་པའི་ཀློག་དེབ་ཀྱི་གལ་ཆེན་རང་བཞིན་བཤད་ནས་འདུག་པ་ཙམ་མ་ཡིན་པར། རང་ངོས་ནས་སློབ་སྦྱོང་དང་ལག་ལེན་གཉིས་ཀ་བྱས་ནས་གྲུབ་འབྲས་ཡོད་མཁན་ཞིག་ཡིན་པས། ང་རང་གིས་ཁ་དོན་མཚུངས་པའི་རྒན་ཁོང་གི་བྱིས་སྒྲུང༼པདྨ་མཚོའི་འགྲན་རྩོད༽ཅེས་པ་ལ་དཔྱད་བརྗོད་ཅུང་ཙམ་རྒྱས་པ་ཞིག་འབྲི་འདོད་སྐྱེས་སོང་། གཅིག ཕ་སྐད་བྱིས་སྒྲུང་བཤད་ཉན་ཀློག་གསུམ་གྱི་ཕན་ཡོན།གནམ་གྱིས་ས་བཀབ་པ་ལྟ་བུའི་ང་ཚོའི་བོད་ཀྱི་ལོ་ཙཱ་པ་ཆེན་པོ་དང་མཁས་དབང་རྣམ་པས་མངོན་བརྗོད་དང་སྙན་ངག་གི་རྒྱན་གྱིས་བཅིངས་པའི་གསུང་རབ་རི་རབ་ཀྱི་གཏོས་དང་མཉམ་པ་དང་། བརྩེ་བའི་མཚོ་མོ་རབ་ཏུ་བསྐྱིལ་བའི་ཐབས་དང་འཇིག་རྟེན་གྱི་ཆོས་ཉིད་རྗེན་པར་སྟོན་པའི་ཤེས་རབ་ཀྱིས་གཏམས་པའི་བསྟན་བཅོས་ས་གཞི་ཆེན་པོ་ཁེབས་པ་ལྟ་བུ་བསྒྱུར་བ་དང་བརྩམས་གནང་མཛད་ནས་གངས་ཅན་བོད་ཡུལ་རིག་གནས་ཀྱི་རྒྱ་མཚོ་ཆེན་པོ་ཞིག་ཏུ་བཏང་ཡོད་མོད། ཕར་བཤད་ཚིག་གི་བརྡ་མི་འཕྲོད་ཚུར་བཤད་གཏམ་གྱི་དོན་མི་གོ་ཞིང་གནས་ལུགས་ཟབ་མོ་རིག་པས་མི་ཆོད་པའི་བྱིས་པ་དག་གིས་རྒྱ་མཚོ་ཆེན་པོ་འདི་ལ་རྐྱལ་རྩལ་ངོམ་རྒྱུ་མ་ཟད་གོམ་པ་ཕྱེད་ཙམ་ཡང་སྤོ་ཐུབ་ཀྱིན་མེད་པར་བྱིས་པའི་བློ་ཁ་དང་འཚམ་ལ་མི་འཚམ་སེམས་ཁམས་ལ་འཕྲོད་དང་མི་འཕྲོད། རྗོད་བྱེད་ངག་ནས་ཁྲོལ་དང་མི་ཁྲོལ་བརྗོད་བྱ་རིག་པས་རྟོགས་དང་མི་རྟོགས་ཀྱི་དམངས་ཁྲོད་གཏམ་རྒྱུད་དང་། རྗོད་བྱེད་ར་མ་ལུག་བཞིན་སོང་ཞིང་བརྗོད་བྱ་ང་ཚོའི་འཇིག་རྟེན་གྱི་ལྟ་བ་དང་མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་ལྟ་བ་གསུམ་ལ་རྒྱབ་འགལ་ཏུ་སོང་བའི་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་བྱིས་སྒྲུང་བསྒྱུར་མ་དག་བཤད་ཉན་ཀློག་གསུམ་བྱེད་པ་ནི་རྒྱ་མཚོ་འགྲམ་དུ་བཞག་སྟེ་ཀོ་གྱོང་མཆུ་མས་སྦངས་པ་མ་ཡིན་པར། འུ་ཐུག་ཐབས་ཟད་ཀྱི་གནས་སུ་ལྷུང་བ་རང་ཡིན་པ་རྒན་དབལ་ཤུལ་མཁས་གྲུབ་བམ་གཡག་རྒོད་ལགས་ཀྱིས་མཚོན་པའི་མི་སྐོར་ཞིག་གིས་ཚོར་ཞིང་རྟོགས་ནས། དཀའ་སྡུག་མང་པོ་གདོང་གིས་བསུས་ཏེ་མི་རིགས་རང་གི་ཕ་སྐད་ཀྱི་གཏིང་ཟིན་ཅིང་ལྟ་བ་གསུམ་དང་མཐུན་ལ། ཡུལ་སྲོལ་གོམས་གཤིས་ཡལ་བར་མ་དོར་བར་བྱིས་པས་གོ་བདེ་ཞིང་བྱིས་པ་དང་འཚམ་པའི་བྱིས་སྒྲུང་གསར་རྩོམ་མཛད་པ་འདི་རི་བོང་ལ་རྭ་བཙུགས་པ་དང་དུག་སྦྲུལ་ལ་རྐང་པ་བྲིས་པ་ལྟ་བུར་མ་སོང་བར་སྐུ་ལ་གཟུངས་འཇུག་འབུལ་བ་དང་བྱ་ལ་གཤོག་པ་བྲིས་པ་ལྟ་བུའི་རིན་ཐང་ཆེན་པོ་དང་དགོས་མཁོ་ཆེན་པོ་ཡིན་པ་ང་ཚོས་ངེས་པར་དུ་ཤེས་དགོས། བྱིས་པའི་ལུས་ཁམས་གསོ་བྱེད་མཆོག་ཏུ་གྱུར་བ་ནི་ཨ་མའི་ནུ་ཞོ་ཡིན་པ་བཞིན་བྱིས་པའི་སེམས་ཁམས་གསོ་བྱེད་མཆོག་ཏུ་གྱུར་བ་ནི་མི་རིགས་རང་གི་བྱིས་སྒྲུང་ཡིན་པར་འདོད། མི་རིགས་རང་གི་བྱིས་སྒྲུང་ནི་ངག་གི་མཛོད་དང་སྐད་ཆའི་ཚི་ལུ། ཡུལ་སྲོལ་གོམས་གཤིས་ཀྱི་མེ་ལོང་། ལོ་རྒྱུས་ཀྱི་གྲུབ་གཟུགས། འདུ་ཤེས་ཀྱི་གཟུངས་ཐག མཚན་ཉིད་རིག་པའི་སྔོན་འགྲོ། རྩོམ་རིག་གི་ཕོ་བྲང་ལྟ་བུ་སོགས་ཤེས་བྱ་ཀུན་ཁྱབ་ཞིག་སྟེ་བྱིས་པའི་ངག་ལ་འཕྲོད་ཅིང་བློ་དང་འཚམ་པ། རྣ་ལ་སྙན་ཞིང་ཡིད་ལ་སིམ་པ་ཞིག་ཡིན་པས། བྱིས་པ་བྱིས་སྒྲུང་བཤད་ཉན་ཀློག་གསུམ་ལ་སྐུལ་ནས་ལས་སླ་མོས་མི་རིགས་རང་གི་སྐད་ལ་བྱང་ཞིང་ཡུལ་སྲོལ་གོམས་གཤིས་ལ་མཁས་པ། ལོ་རྒྱུས་ཀྱི་རྨང་ཟབ་ཅིང་འདུ་ཤེས་ཀྱི་ཀ་བ་བརྟན་པ། འཆར་ཡན་གྱི་བློ་སྒོ་ཡངས་ཤིང་མཚན་ཉིད་རིག་པའི་རིག་ལམ་གསལ་བ། རྩོམ་རིག་གི་འཆར་འགོད་མྱུར་ཞིང་བློ་སྦྱོང་བཟང་བ། སྲོལ་རྒྱུན་གྱི་གཟུངས་ཐག་སྲ་ཞིང་གསར་གཏོད་ཀྱི་རིག་པ་ལྡན་པ་ཞིག་ཏུ་སྐྱོང་ཐུབ་པ་ནི། ཕྱི་ནང་གི་རྩོམ་པ་པོ་དང་ཚན་རིག་པ། མཁས་པ་དང་བསམ་བློ་པ་སོགས་ལ་བཅར་འདྲི་དང་གཏམ་བཤད་ལས་གསལ་བོར་ཤེས་ཡོང་བས། རེ་རེ་བཞིན་དུ་དཔེ་འདྲེན་མི་དགོས་པར་ཞུ། བྱིས་སྒྲུང་བཤད་ཉན་ཀློག་གསུམ་ལ་གོང་ནས་བྲིས་པ་བཞིན་གྱི་ཕན་ཡོན་རྒྱ་ཆེན་པོ་ཡོད་མོད། ཁ་རུ་ཁ་ཐུག་དང་ཁ་ཚ་དགོས་གཏུགས། མངོན་གསལ་དོད་པོ་དང་རྟག་བརྟན་ཐེར་གཟུགས་ཀྱི་ཕན་ཡོན་མང་པོ་ལས་རེ་གཉིས་ཙམ་དཔེ་རུ་དྲངས་ན། མི་དང་དུད་འགྲོའི་ཁྱད་པར་ནི་སྐད་ཆ་བཤད་ཉན། ཡི་གེ་འབྲི་ཀློག་ཤེས་དང་མི་ཤེས་ཡིན་ལ། མི་དང་མིའི་ཁྱད་པར་ཡང་སྐད་ཆ་བཤད་མཁས་དང་མི་མཁས། སྐད་ཆའི་གོ་བ་ཟབ་མོ་ལོན་དང་མི་ལོན་གཙོ་བོ་ཡིན་པར་འདོད། མི་རིགས་དང་རྒྱལ་ཁབ་ཀྱི་ཁྱད་པར་འབྱེད་ཆས་གཙོ་བོ་ཞིག་ཀྱང་སྐད་ཡིག་ལས་མ་འདས། བྱིས་པས་བཤད་བདེ་ཞིང་ཉན་སྤྲོ་བའི་བརྗོད་པ་དང་གོ་རྩ་ཞིང་རྟོགས་སླ་བའི་འཇིག་རྟེན་ནི་ཕ་སྐད་ཀྱི་བྱིས་སྒྲུང་ཡིན་པས། ཕ་སྐད་ཀྱི་བྱིས་སྒྲུང་བཤད་ཉན་ཀློག་གསུམ་ལས་བྱིས་པའི་རིག་སྒོ་འབྱེད་ཅིང་ངག་སྒོ་ཕྱེས་ནས་དུད་འགྲོ་ལས་ལོགས་སུ་བཀར། བྱིས་སྒྲུང་བཤད་ཉན་ཀློག་གསུམ་གྱི་མང་ཉུང་ལས་བྱིས་པའི་བློ་རབ་འབྲིང་ཐ་གསུམ། ཁ་མཁས་དང་མི་མཁས་ཀྱི་ཁྱད་པར་ཤོར་ནས་མི་འདྲ་མིན་སྣ་ཚོགས་ཚོགས་སུ་བྱུང་། སྐད་ཡིག་མི་འདྲ་བའི་བྱིས་སྒྲུང་བཤད་ཉན་ཀློག་གསུམ་ལས་བྱིས་པ་ལ་སྐད་ཡིག་མི་འདྲ་བའི་ངག་བསྩལ་ཅིང་འཇིག་རྟེན་གྱི་ལྟ་ཚུལ་མི་འདྲ་བའི་བློ་ཡང་འཁྲུངས་པར་བྱེད་པས་ན། བོད་ཀྱི་བྱིས་པ་ནི་ཐོག་མར་བོད་སྐད་ཡིག་གི་བྱིས་སྒྲུང་བཤད་ཉན་ཀློག་གསུམ་ལ་མང་དུ་འཇུག་ན།  ཁ་མཁས་ཤིང་བློ་རྣོ་བའི་བོད་ཀྱི་བྱིས་པ་རྣལ་མ་ཞིག་ཏུ་ཡོང་ངེས་པ་ནི་ཆོས་ཉིད་ཡིན་ལ། ད་དུང་བྱིས་པ་བྱིས་སྒྲུང་བཤད་ཉན་ཀློག་གསུམ་ལ་འཇུག་པ་ལས་མ་འོངས་པ་ན་དཔེ་ཀློག་དང་བསམ་གཞིག་ལ་དགའ་མཁན་ཞིག་ཏུ་ཡོང་ངེས་པ་ཡང་རྒྱུ་འབྲས་ཤིག་ཡིན། གཉིས། ཨ་མདོ་རྔ་བའི་རི་ཆུ་སྤང་གསུམ་གྱི་མཛེས་སྡུག མི་སུ་དང་གང་ཞིག་ཡིན་རུང་རང་བྱུང་ཁམས་ནས་སྐྱེས་ཤིང་སླར་ཡང་རང་བྱུང་ཁམས་ལ་འཐིམ་མི་འགྲོ་བ་གཅིག་ཀྱང་མེད་ལ། ལུས་སེམས་གཉིས་ཀ་རང་བྱུང་ཁམས་ཀྱིས་གསོས་ཤིང་འཚར་བ་ཁོ་ན་རང་ཡིན་པས། མི་ལ་རང་བྱུང་ཁམས་ལས་གལ་ཆེ་བ་ཞིག་མི་འདུག མིའི་ཤ་ཁྲག་གདོས་བཅས་ཀྱི་ཕུང་བོ་ནི་འབྱུང་བ་ལྔས་གྲུབ་པ་ཀུན་ལ་གསལ་མོད། ང་རང་གིས་གསོ་རིག་སེམས་ཁམས་རིག་པ་ཞེས་པའི་དཔེ་ཆ་ཞིག་བཀླགས་པ་བརྒྱུད། ལུས་ཀྱི་འབྱུང་བ་རེ་རེ་ནི་རང་ཉིད་སྐྱེ་སའི་གནས་དེའི་འབྱུང་བ་རེ་རེས་གྲུབ་པའི་གྲོགས་བྱས་ཡོད་པར་མ་ཟད། ནང་གི་བསམ་བློ་ཡང་ཁོར་ཡུག་དེའི་རིག་གནས་ཀྱི་མཁའ་དབུགས་ཀྱིས་གྲུབ་པར་རོགས་དན་བྱས་ཡོད་པ་གསལ་བོར་ཤེས་སོང་བས། མི་དང་རང་བྱུང་ཁམས་ཀྱི་འབྲེལ་བ་ལ་སྔར་ལས་ལྷག་པའི་ངེས་ཤེས་གསལ་བོ་ཞིག་འདྲོངས་སོང་། མི་ལུས་ཀྱི་འབྱུང་ལྔ་རང་བྱུང་གི་འབྱུང་ལྔས་གྲུབ་པའི་གྲོགས་བྱས་ཡོད་ན། བྱིས་པ་མངལ་དུ་སྦྲུམ་ཞིང་བཙས་སའི་ཁོར་ཡུག་དེ་ནས་བྱིས་པ་ལག་ཆགས་རྒྱུ་ནི་ཤིན་ཏུ་གལ་ཆེ། གལ་སྲིད་མ་ནུས་ན་ཐོག་མར་གྲུབ་པའི་འབྱུང་ལྔ་དེ་འཚར་སའི་འབྱུང་ལྔ་དང་མ་འཚམས་པར་བྱིས་པའི་ལུས་ཕུང་བདེ་ཐང་གིས་འཚར་ལོངས་འབྱུང་བར་གནོད་པ་ཆེ་ལ། བྱིས་པ་རྒྱུད་ལྡན་ཞིག་ཡོང་བར་འགོག་རྐྱེན་ཆེན་པོ་ཡོད་པ་ལུང་དང་རིག་པས་ཤེས་ཐུབ། དེ་བས་རྒན་དབལ་ཤུལ་མཁས་གྲུབ་ལགས་ཀྱིས་པདྨ་མཚོའི་འགྲན་རྩོད་ཅེས་པའི་བྱིས་སྒྲུང་གི་མགོ་རུ༼ཨ་མདོ་རྔ་བ་ནི་རི་མཐོ་ཞིང་ས་གཙང་བ། གནམ་སྔོ་ལ་མཁའ་དབུགས་དྭངས་པ། ཐང་ཡངས་ཤིང་མེ་ཏོག་མཛེས་པ། རྩྭ་ཆུ་འཛོམས་ལ་རྟ་ནོར་ལུག་གསུམ་གྱི་འཕེལ་ཁ་དར་སའི་གནས་མཆོག་ཡིད་དུ་འོང་བ་ཞིག་ཡིན༽ཞེས་བྲིས་པའི་སྐད་ཆ་དང་། ཐོག་མཐའ་བར་གསུམ་དུ་ཨ་མདོ་རྔ་བའི༼རྩྭ་དང་རྩི་ཤིང་རབ་ཏུ་རྒྱས་ཤིང་མེ་ཏོག་རྣམ་པར་བཞད་པ། ཆུ་བོ་དལ་གྱིས་རྒྱུ་བ། རི་བོ་བརྟན་ཞིང་བརླིང་བ། སྤྲིན་པ་ལང་ལོང་རྒྱུ་ཞིང་བྱ་བྱེའུ་གར་ལ་རྩེན་པ༽སོགས་རང་བྱུང་གི་མཛེས་སྡུག་ཐམས་ཅད་ཚོན་མདངས་རྣམ་པར་བཀྲ་བའི་རི་མོས་བྲིས་ཡོད་པ་ལ་དོན་སྙིང་ཤིན་ཏུ་ཆེ། འདི་ལྟ་བུའི་རང་བྱུང་ཁོར་ཡུག་གིས་མི་ལུས་ཀྱི་འབྱུང་ཁམས་དང་སེམས་ཁམས་གསོ་བར་བྱས་ན། ལུས་ཕུང་བདེ་ཐང་གིས་འཚར་ལོངས་འབྱུང་བར་ཕན་པ་ཤིན་ཏུ་ཆེ་ལ། རྣམ་རིག་རྒོད་ཅིང་སྤྲོ་སྣང་ལྡན་པ། སེམས་རྒྱ་ཆེ་ཞིང་འཆར་སྒོ་མྱུར་བའི་བྱིས་པ་ཞིག་ཡོོང་བར་ཡང་ཕན་པ་ཆེ་བར་འདོད། ཁ་སང་དེ་རིང་ཁང་བརྩེགས་མཐོན་པོས་ལྗང་མདོག་གི་རི་བོ་གཡོགས་ཤིང་། མིས་བཟོས་སོ་ཕག་དང་ཨར་འདམ་སོགས་ཀྱིས་ས་གཞིའི་ངོ་གདོང་སྦ་བར་བྱེད། དུད་སྤྲིན་གྱིས་གནམ་སྔོན་པོ་བསྒྲིབས་ཤིང་གད་སྙིགས་ཀྱིས་ཆུ་དྭངས་མོ་སྦགས་པ། མདོར་ན་རང་བྱུང་གི་ཁོར་ཡུག་བརླགས་ཚར་བའི་དུས། བྱིས་པའི་འཇིག་རྟེན་བརྙན་འཕྲིན་དང་ཁ་པར། གློག་རྡུལ་རོལ་རྩེད་ཀྱིས་བཟུང་ཚར་བའི་དུས་སྐབས་འདི་འདྲ་བ་ལ། དེབ་ཀྱི་ངོས་ནས་ཤིན་ཏུ་གཙང་ཞིང་མཛེས་སྡུག་ལྡན་པའི་རང་བྱུང་ཁམས་ཆེན་པོ་བྱིས་པའི་མིག་གི་དཔལ་དུ་ཤར་ཐུབ་ན། སློབ་དཔོན་ནག་མོ་ཁོལ་གྱིས་ལྡེབ་བྲིས་ལས་གླང་རིག་པ་བཞིན་བྱིས་པའི་ལུས་སེམས་གཉིས་ཀར་ཕན་ནུས་མི་དམན་པ་རེ་ཐོན་ཐུབ་པ་ཐེ་ཚོམ་མེད། དེབ་ངོས་ཀྱི་ཁོར་ཡུག་འདི་འདྲ་བས་བྱིས་པ་རང་བྱུང་ཁམས་ལ་དགའ་བ་དང་བཅར་འདོད་པའི་སེམས་ཁམས་བསྐྲུན་པས། བྱིས་པ་ཤེས་བྱ་སྣ་བརྒྱས་ཕྱུག་ཅིང་རོ་བརྒྱའི་ངར་ཁ་ལྡན་པའི་ཁོར་ཡུག་ནས་ལུས་བདེ་སེམས་སྐྱིད། རིག་བཟང་བློ་ལྡན། རང་བྱུང་ཁམས་དང་ཕ་ས་ཕ་ཡུལ་ལ་གཅེས་པའི་བྱིས་པ་ཞིག་ཡོང་བར་ཡང་ཕན་པ་རབ་ཏུ་ཆེ། དེང་སང་གི་མི་དག་ལ་ཕྱིའི་ལོངས་སྤྱོད་ཇི་ལྟར་རྒྱས་ཀྱང་བདེ་སྐྱིད་ཡོང་ཐུབ་ཀྱིན་མེད་པ་ནི། ཆུང་བྱིས་པའི་དུས་ནས་རང་བྱུང་ཁམས་ཆེན་པོ་ལ་ཉེ་བར་མ་བཅར་བ། རང་བྱུང་ཁམས་ཀྱི་མཛེས་སྡུག་རིག་པའི་མིག་དབང་མ་བསྐྱངས་པ། རང་བྱུང་ཁམས་ཆེན་པོ་ལོངས་སུ་སྤྱོད་པའི་སེམས་ཁམས་བསྐྲུན་མ་ཐུབ་པ་སོགས་ཀྱིས་མི་ལ་བདེ་སྐྱིད་བསྐྲུན་པའི་ཆ་ཤས་ཆེན་པོ་ཞིག་བོར་བ་དང་འདྲ་བས། མི་དག་ལ་བདེ་སྐྱིད་འབྱུང་ཐུབ་ཀྱིན་མེད་པ་ཡིན། དེ་བས་དབལ་ཤུལ་མཁས་གྲུབ་ལགས་ཀྱིས་ཡི་གེ་དང་རི་མོ་གཉིས་ཀྱི་ཆ་ནས་ཨ་མདོ་རྔ་བའི་རང་བྱུང་ཁམས་གསོན་ཉམས་ལྡན་པ་ཞིག་བཞེངས་ཡོད་པ་འདིས་བྱིས་པ་ལ་མ་འོངས་པར་བདེ་སྐྱིད་ཀྱང་བསྐྲུན་ཐུབ་པ་གདོན་མི་ཟ། གསུམ། པདྨ་མ་མཚོ་ཡི་བདེན་དགེ་མཛེས་གསུམ་གྱི་ཆེ་བ།རྒྱལ་ཁབ་དང་མི་རིགས། ཡུལ་ལུང་མི་འདྲ་བ་སོ་སོས་བདེན་དགེ་མཛེས་གསུམ་དོན་གཉེར་དང་ཕྱི་རུ་སྟོན་པའི་ཆ་ལུགས་དང་གུས་ལུགས། ཡུལ་སྲོལ་གོམས་གཤིས་མི་འདྲ་མོད། འདྲ་མཚུངས་གཅིག་ཡོད་པ་ནི་བདེན་དགེ་མཛེས་གསུམ་དོན་གཉེར་གྱི་བློ་མེད་མཁན་གཅིག་ཀྱང་མེད་པ་དེ་ཡིན་པས། མིིའི་རིགས་ལ་མཚོན་ན་བདེན་དགེ་མཛེས་གསུམ་ནི་ཉི་ཟླ་བཞིན་ཀུན་གྱིས་རེ་ཞིང་ཕན་པ་ཆེ་བ། གསེར་ནག་བཞིན་རིན་པོ་ཆེ་རུ་བརྩི་ཞིང་རྒྱན་ཆར་བལྟ་བ་ཞིག་ཡིན་པས། བདེན་དགེ་མཛེས་གསུམ་གྱིས་ཀུན་ནས་ཕྱུག་པའི་མི་ཞིག་བྱེད་པར་འབད་ན་རང་བདེ་གཞན་སྐྱིད་ཡོང་ལ། མི་ཚེ་རིན་ཐང་གིས་ཕྱུག་པ་ཞིག་ཡོང་བས། བྱིས་པ་ལ་ཆུང་དུས་ནས་བདེན་དགེ་མཛེས་གསུམ་དོན་གཉེར་གྱི་བློ་དང་གཞན་ལ་འབུལ་བའི་སེམས་ཁམས་ཆགས་པ་དང་གོམས་གཤིས་སྐྱོང་བ་ལ་འབད་དགོས། པདྨ་མཚོའི་འགྲན་རྩོད་ཅེས་པའི་མགོ་རུ༼མོ་ནི་སྙིང་རྗེ་ལ་སེམས་པ་བཟང་བ། གཤིས་ཀ་བཟང་ལ་ངང་རྒྱུད་རིང་བ། བློ་རིག་རྒོད་ལ་སྤོབས་པ་ཆེ་བའི་བུ་མོ་ཞིག་ཡིན༽ཅེས་བྲིས་ཏེ་བདེན་དགེ་མཛེས་གསུམ་གྱིས་སྒྲུང་གི་མགོ་བརྩམས་ཡོད་ལ། རྟ་རྒྱུག་འགྲན་སྡུར་ལ་བུད་མེད་ཞུགས་པའི་སྲོལ་མེད་ན་ཡང་པདྨ་མཚོས་རྟ་རྒྱུག་འགྲན་སྡུར་ལ་ཞུགས་པའི་རེ་བ་བཅངས་ཤིང་བརྩོན་ལེན་བྱེད་པའི་བདེན་པ་དོན་གཉེར། ཁེ་དབང་རྩོད་ལེན་གྱི་སེམས་ཁམས། ༼པདྨ་འཚོའི་སྤུན་མཆེད་ཚོས་པདྨ་འཚོས་ཕོ་ལྭ་གྱོན་ནས་ཕོ་ཡིན་པར་བརྫིས་ཏེ་རྟ་རྒྱུག་འགྲན་སྡུར་ལ་ཞུགས་རྒྱུ་ཐབས་ཡག་ཤས་སུ་མཐོང་སྟེ། པདྨ་མཚོ་ལ་དེ་ལྟར་བཤད་པ་ན། པདྨ་མཚོས་གནད་དོན་འདི་ནི་ང་རང་ཁོ་ན་རྟ་རྒྱུག་ལ་ཞུགས་མིན་གྱི་གནད་དོན་ཞིག་མིན་པར་བུད་མེད་ཡོངས་ཀྱི་ལས་དབང་དང་ཐོབ་ཐང་ལ་འབྲེལ་ཡོད་པ་ཞིག་ཡིན་པས། ངས་ནམ་ཡང་ཐབས་སྐྱོ་བའི་གནས་ཚུལ་འདི་རིགས་མི་བྱེད་པའི་དམ་བཅས་ཡོད༽ཅེས་པས་པདྨ་མཚོ་ནི་རང་དོན་ཙམ་ཞིག་ལ་གཡོ་སྒྱུ་ཁྲམ་གསུམ་གང་ཐུབ་བྱེད་མཁན་ཞིག་མིན་པར། གཞན་དོན་དུ་རང་གིས་དཀའ་བ་སྤྱད་དེ་བདེན་པ་དོན་གཉེར་དང་ཐོབ་ཐབ་རྩོད་ལེན་གནང་མཁན་གྱི་བུ་མོ་བདེན་པའི་སྲས་མོ་དང་དགེ་བའི་མ་མ་ལྟ་བུ་ཞིག་ཡིན་པར་བྲིས་ཏེ་སྒྲུང་གི་གཞུངས་བསྲིངས་ཡོད། མཇུག་ཏུ་པདྨ་མཚོ་རྟ་རྒྱུག་འགྲན་སྡུར་ལ་ཞུགས་སུ་མི་འཇུག་རང་དབང་མེད་པ་བྱུང་བར་མ་ཟད། རྟ་རྒྱུགས་འགྲན་སྡུར་ལས་ཨང་དང་པོ་ཐོབ་ཀྱང་། ཡུལ་སྲོལ་ངན་པ་དང་མ་རུངས་ཁོག་བཅུག་གིས་བྱ་དགའ་ཨང་དང་པོ་མི་སྤྲོད་པའི་ལས་ལ་བརྩོན་མོད། བདེན་པ་དང་དགེ་བ་ནི་ནམ་ལངས་ཉི་ཤར་བཞིན་གསལ་ལྷང་ལྷང་བྱུང་བས། ཐབས་མེད་པར་བྱ་དགའ་ཨང་དང་པོ་སྤྲད་དགོས་བྱུང་བས་སྒྲུང་གི་མཇུག་བསྡུས་ཏེ། པདྨ་མཚོའི་བདེན་དགེ་མཛེས་གསུམ་ལ་མངོན་པར་བསྟོད་ཅིང་། མི་ཚང་མས་བདེན་དགེ་མཛེས་གསུམ་རྩོད་ལེན་གནང་བ་དང་། བདེན་དགེ་མཛེས་གསུམ་གྱིས་ཕྱུག་པར་བྱས་ཏེ་དཔལ་ཡོན་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་པའི་སྐུལ་མ་དང་རེ་བ་བཅངས་ཡོད་པར་འདོད་མོད། བྱིས་སྒྲུང་འདི་ཀློག་མཁན་མང་པོས་པདྨ་མཚོ་ནི་བུད་མེད་ཀྱི་ཐོབ་ཐང་དང་ཁེ་དབང་རྩོད་ལེན་བྱེད་མཁན་སྙིང་སྟོབས་ལྡན་པ་ཞིག་དང་། སྲོལ་རྒྱུན་དང་ཡུལ་སྲོལ་གོམས་གཤིས་ངན་པ་ལ་རྒོལ་བ་བྱེད་མཁན། བུད་མེད་ཀྱི་མགྲིན་ཚབ་པ་ལྟ་བུ་ཞིག་བྲིས་ཡོད་པར་བཤད་ལ། དཔྱད་བརྗོད་རེ་འགའ་ཡང་འདི་ལྟར་སྤེལ་ཡོད་མོད། ང་རང་གིས་འདི་ནི་བདེན་དགེ་མཛེས་གསུམ་ཞེས་པ་འོ་མ་ལྟ་བུ་ལ་ཞེ་སྡང་དང་གཏོར་གཤིག་གི་ཁྲག་དམར་བསྲེས་པ་ལས་མེད་པས་ཡག་པོ་མི་འདུག་བསམས། རྩོམ་པ་པོའི་རེ་བ་ཡང་འདི་ཙམ་ལས་མེད་ན་རྩོམ་པ་པོའི་བློ་ཁོག་ཆུང་དྲགས་འདུག་པར་བསམས། སྒྲུང་འདིའི་མགོ་ནས་མཇུག་བར་དུ་བདེན་པ་དང་དགེ་བ། མཛེས་པ་གསུམ་སྲོག་སྙིང་དང་སྐྱ་ཐིག་ལྟ་བུ་བྱས་ནས་བྲིས་ཡོད་པས། ང་རང་གིས་འདི་ནི་བོད་རིགས་བུད་མེད་སྤྱིར་བཏང་བ་ཞིག་གི་བདེན་དགེ་མཛེས་གསུམ་གྱི་ཆེ་བ་བརྗོད་པར་བྱས་ཏེ། གངས་རིའི་ལྗོངས་ཀྱི་བུད་མེད་ཡོངས་གཙོར་མཛད། བྱིས་པ་ཚང་མ་ལ་བདེན་པ་དང་དགེ་བ། མཛེས་པ་གསུམ་གྱི་ཡོན་ཏན་ནི་ཤིན་ཏུ་ཡག་པོ་ཞིག་དང་བླ་ན་མེད་པ། འགྲན་ཟླ་བྲལ་བ། ཡོན་ཏན་གྱི་མཆོག་ཅིག་ཡིན་པ་ངོ་གསལ་བོ་སྤྲད་ནས། བྱིས་པ་ཐམས་ཅད་ལ་བདེན་དགེ་མཛེས་གསུམ་དོན་གཉེར་དང་ལག་ལེན་གནང་བར་ཡིད་འགུག་དང་སྐུལ་མ་གནང་བའི་ཕན་པ་ཆེན་པོ་ཡོད་པར་འདོད། བཞི། ཡུལ་སྲོལ་གོམས་གཤིས་འཛིན་སྐྱོང་སྤེལ་གསུམ་གྱི་ཡོན་ཏན།ས་ཆ་རེ་ལ་སྐད་རེ་དང་ལུང་པ་རེ་ལ་སྲོལ་རེ་ཟེར་བ་བཞིན། རྒྱལ་ཁབ་དང་མི་རིགས་མ་ཟད་ཡུལ་ལུང་བྱེ་བྲག་པ་སོ་སོ། ཐ་ན་སྡེ་བ་རེ་རེ་ལ་ཡང་ཡུལ་སྲོལ་གོམས་གཤིས་མི་འདྲ་བ་མང་དུ་ཡོད་པ་ནི། ཡུལ་ལུང་སོ་སོའི་རང་བྱུང་ཁོར་ཡུག་དང་གནམ་གཤིས། རིག་གནས་དང་མིའི་སེམས་ཁམས། དུས་ཀྱི་འགྱུར་ལྡོག་སོགས་མང་པོ་ཞིག་ལ་བརྟེན་ནས་བྱུང་བ་མ་གཏོགས། མི་སྒེར་བ་ཞིག་གིས་གང་དྲན་དྲན་དང་གང་འདོད་འདོད་ཀྱིས་རྒྱུ་མཚན་ཅི་ཡང་མེད་པར་གཏན་འཁེལ་བྱས་པ་དང་བཟོ་བཅོས་རྒྱག་པ་ཞིག་ཀྱང་མིན་པས། དེ་ནི་མཐའ་གཅིག་ཏུ་ཡག་པོ་ཡིན་པ་དང་མཐའ་གཅིག་ཏུ་ངན་པ་ཡིན་པ་བཤད་སར་མི་འགྲོ་ལ། དེ་བཞིན་དུ་ཧྲིལ་གྱིས་འཛིན་རྒྱུ་ཞིག་དང་ཧྲིལ་གྱིས་འདོར་རྒྱུ་ཞིག་ཀྱང་མིན་ལ། ཡོད་ཚད་གཞན་ལ་བསྟུན་རྒྱུ་དང་གོ་ལ་རང་བཞིན་ལ་གཏོང་རྒྱུ་ཞིག་ཀྱང་མིན་པར། ཡར་ཀླུང་ཁོག་ནས་བསྡད་ན་ཡར་ལྷ་ཤམ་བྷོ་བཀུར་དགོས་ཟེར་བ་བཞིན། ཡུལ་སྲོལ་གོམས་གཤིས་ཡུལ་དུས་དང་བསྟུན་དགོས་པ་ཤིན་ཏུ་གལ་ཆེ་མོད། ཁ་སང་དེ་རིང་མི་ཀླད་དྭངས་ཡིན་མདོག་ཁ་བོ་སྐོར་ཞིག་གིས་ཡུལ་སྲོལ་གོམས་གཤིས་ཐམས་ཅད་དགོས་མེད་སྨྲ་ཞིང་གོ་ལའི་གྲོང་སྡེ་འཛུགས་པར་འབད་དགོས་པ་བཤད་མོད། དབལ་ཤུལ་མཁས་གྲུབ་ལགས་ཁོང་ཚོ་དང་མི་འདྲ་བར་བྱིས་སྒྲུང་དུ་ཡི་གེ་དང་རི་མོ་གཉིས་ཆ་ནས་ཡུལ་སྲོལ་གོམས་གཤིས་ལ་སྙིགས་དོར་བཅུད་ལེན་ནམ་འཛིན་སྐྱོང་སྤེལ་གསུམ་ཞིག་བྱས་ཡོད་པ་ནི་རིན་ཐང་ཆེ་བར་འདོད། འགྲོ་བ་མིའི་འདྲ་མཉམ་ཞེས་པ་དང་འགལ་ཞིང་མི་སྒེར་བ་འཕེལ་རྒྱས་དང་སྤྱི་ཚོགས་ཁྱོན་ཡོངས་ནས་གོང་འཕེལ་འགྲོ་བར་བཀག་རྒྱར་གྱུར་པ། མིའི་རྩིས་ཐང་དང་ལ་རྒྱ་ལ་གནོད་པའི་ཡུལ་སྲོལ་གོམས་གཤིས་ངན་པ་བུད་མེད་རྟ་རྒྱུག་ལ་ཞུགས་མི་ཆོག་པ་ལྟ་བུ་དོར་ནས་རྟ་རྒྱུག་ལ་ཞུགས་ཆོག་པའི་ཡུལ་སྲོལ་གོམས་གཤིས་གསར་བ་ཞིག་བཙུགས་པ་ལ་རིན་ཐང་ཡོད་ལ། པདྨ་མཚོ་རྟ་རྒྱུག་ལ་ཞུགས་ཁར་སྐྱེས་རི་གཉན་ལ་བསང་མཆོད་པ་དང་ལྷ་ལ་སྐྱབས་འཇུག་ཞུ་བ། སྐུ་རིམ་སྒྲུབ་པ་སོགས་ནི་རྟ་རྒྱུག་ལས་རྒྱལ་ཁ་འཐོབ་པ་ལ་ཐད་ཀར་དུ་འབྲེལ་བ་མེད་པའི་དབང་དུ་བཏང་ན་ཡང་། ང་རང་ཚོ་ལས་གང་ཞིག་ལ་ཞུགས་ན་སེམས་ཁམས་སམ་སེམས་ཀྱི་འཛིན་སྟངས་དེ་ཤིན་ཏུ་གལ་ཆེ་བས། བོད་པ་ཞིག་ལ་མཚོན་ན་བསང་མཆོད་པ་དང་སྐུ་རིམ་སྒྲུབ་པས་མིའི་སྙིང་སྟོབས་ཆེ་རུ་བསྐྱེད་པ་དང་ཆོད་སེམས་ཇེ་བརྟན་དུ་གཏོང་བ། རང་ཉིད་ལ་ཡིད་ཆེས་རྙེད་པ་སོགས་ལ་ཕན་པ་ཆེན་པོ་ཡོད་པས་དགོས་པ་ཆེན་པོ་ལྡན། མི་རྣམས་ལ་ཇི་འདྲའི་ཡོན་ཏན་འཛོམས་པོ་དང་རྒྱུ་འབྱོར་ཆེན་པོ། བློ་རིག་རྒོད་པོ་དང་དཔའ་སྤོབས་ཆེན་པོ་ལྡན་ན་ཡང་མཐའ་མཇུག་བྱ་བ་ཐག་གཅོད་བྱེད་མཁན་མེད་ན་རྩོད་གཞི་ཇེ་ཆེ་དང་རྙོག་བྲ་ཇེ་ཚ་ལ་འགྲོ་བ་ལས་མེད་པས། གོང་ན་ཐག་གཅོད་བྱེད་མཁན་གྱི་མི་ཞིག་ངེས་པར་དུ་དགོས། སྒྲུང་འདི་རུ་བྱ་དགའ་ཨང་དང་པོ་པདྨ་མཚོ་ལ་སྟེར་ཆོག་མིན་དེ་མཐའ་མཇུག་བླ་མ་ཆེན་པོ་ཞིག་ལ་ཐག་གཅོད་བྱེད་དུ་འཇུག་པ་དེ་འཛམ་གླིང་སྤྱིའི་འགྲོ་ལུགས་དང་མཐུན་ཞིང་རང་གི་ཁྱད་ཆོས་ཡོད་པ་ཞིག་མིན་ནམ། ད་དུང་རྩྭ་ཐང་ན་སྦྲ་ནག་དང་གུར་ཕུབ་ཡོད་པ། ལབ་རྩེ་དང་དར་ལྕོག་བཙུགས་ཡོད་པ་སོགས་རི་མོ་རུ་བྲིས་ཡོད་པའི་ཡུལ་སྲོལ་ལ་ཁོར་ཡུག་སྲུང་སྐྱོབ་དང་ཡུལ་དང་འཚམ་པའི་འཚོ་གནས་ཀྱི་རང་བཞིན་སོགས་ཀྱི་དགོས་པ་ཆེན་པོ་ཡོད་པས། སྒྲུང་འདི་རུ་སྙིགས་དོར་བཅུད་ལེན་དང་འཛིན་སྐྱོང་སྤེལ་གསུམ་བྱས་པའི་ཡུལ་སྲོལ་གོམས་གཤིས་ལ་ཁྱད་ཆོས་དང་དགོས་པ་དམིགས་བསལ་བ་ཡོད་པས། འདི་ནི་ཕྱོགས་ཞེན་དང་ཨུ་ཚུགས་སུ་མ་སོང་བར་ཤེས་རབ་ཀྱི་ཉིང་ཁུ་ཞིག་ཏུ་སོང་ཡོད་པར་འདོད།ང་ཚོའི་འཚོ་བ་རོལ་སྟངས་དང་རིག་གནས་ལ་འགྱུར་ལྡོག་ཆེན་པོ་འབྱུང་བ། ཞིང་སྡེ་དང་འབྲོག་སྡེ་རིམ་གྱིས་གྲོང་ཁྱེར་དུ་གནས་སྤོ་བ་དང་ཡུལ་མིའི་འཚོ་བ་གྲོང་ཁྱེར་ཅན་དུ་འགྱུར་བཞིན་པའི་དུས་འདི་འདྲ་ལ། ང་ཚོའི་ཡུལ་སྲོལ་གོམས་གཤིས་མང་པོ་དགོས་མེད་དུ་བལྟ་བ་དང་རིམ་གྱིས་ཉམས་ནས་སྣོད་བཅུད་གཉིས་ལ་གོད་ཆག་མང་པོ་བྱུང་དང་འབྱུང་བཞིན་པས། བྱིས་སྒྲུང་འདི་རུ་ཆེད་དུ་ཡུལ་སྲོལ་གོམས་གཤིས་སྐོར་ཞིག་ཡི་གེ་དང་རི་མོ་གཉིས་ཆ་ནས་གསལ་བོར་བྲིས་ཡོད་པས། ཡུལ་སྲོལ་གོམས་གཤིས་ལ་སྙིགས་དོར་བཅུད་ལེན་གྱི་དབྱེ་བ་ཞིག་ཡོད་པ་དང་འཛིན་སྐྱོང་སྤེལ་གསུམ་ལ་དགོས་པ་ཞིག་ཡོད་པའི་གནས་ལུགས་རྟོགས་སུ་བཅུག་ཡོད་ལ། བྱིས་པ་རྣམས་ལ་རང་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཤེས་སུ་འཇུག་པ་དང་ཆུང་དུས་ནས་འདུ་ཤེས་བསྐྱེད་པ་དང་འདུ་ཤེས་བརྟན་པོ་འཇོག་པའི་ཕན་ནུས་ལྡན་པ་སོགས་ཀྱི་དགོས་པ་ཡོད་པས་ཤིན་ཏུ་མད། པདྨ་མཚོ་ལ་བྱ་དགའ་ཨང་དང་པོ་སྤྲོད་མིན་མཐའ་མཇུག་བླ་མ་ཞིག་ལ་ཐག་གཅོད་བྱེད་དུ་འཇུག་པ་དེ་མང་པོ་ཞིག་གིས་དམངས་གཙོ་མིན་པ་དང་འདྲ་མཉམ་མིན་པར་མཐོང་མོད། གོང་ནས་བྲིས་པ་བཞིན་ཆུང་ཁྱིམ་ཚང་གི་དོན་དག་ནས་ཆེ་བ་རྒྱལ་ཁབ་ཀྱི་དོན་དག་ཅི་ཞིག་ཡིན་རུང་ཐག་གཅོད་བྱེད་མཁན་གྱི་མི་ཆེན་དཔོན་ཆེན་ཞིག་མེད་ན་ཁ་ཤེད་ཅན་གྱིས་ཡར་འཐེན་པ་དང་སྣ་ཤེད་ཅན་གྱིས་མར་འཐེན་ཟེར་བ་བཞིན་རྙོག་འགྲོ་བ་ལས་ཐག་གཅོད་ཡག་པོ་ཞིག་འབྱུང་རྒྱུ་མེད་པ་ཀུན་ལ་གསལ། ལྷག་པར་དུ་ང་ཚོའི་མི་རིགས་འདི་ལ་ཐུན་མོང་གིས་ཁ་ལེན་ཞིང་ཁས་ལེན་པ་ནི་བླ་མ་ལས་མེད་པས་བྱེད་སྟངས་འདི་མི་འགྲིག་པ་མཐོང་བ་དང་མ་རུང་བ་བཤད་ན་རང་རིགས་ཀྱི་གནས་སྟངས་མ་ཤེས་པ་དང་བསམ་བློས་ཕུགས་རྒྱང་མ་ཆོད་པའི་སྐྱོན་ལས་གཞན་ཅི་ཡང་མི་འདུག གལ་སྲིད་བརྒྱ་ལ་དེ་ལྟར་མི་རུང་བ་དང་མི་འགྲིག་པ་འདོད་ན་བྱིས་སྒྲུང་དུ༼གངས་ལྗོངས་ན་མཚན་སྙན་ཆེ་བའི་བླ་མ༽ཞེས་པ་བྲིས་ཡོད་པ་ལ་བསམ་རྒྱུ་མང་དུ་ཡོད་པར་འདོད།

ལྔ། བྱིས་སྒྲུང་རང་གི་ཕྱི་ནང་གསང་གསུམ་གྱི་དགེ་སྐྱོན།

 

བྱིས་པ་མཚར་སྣང་གིས་ཕྱུག་པས༼པདྨ་མཚོའི་འགྲན་རྩོད༽ཅེས་པ་མཚན་བྱང་ཡག་པོ་ཞིག་བཏགས་ཡོད་པར་འདོད། བྱིས་པས་མཚན་བྱང་འདི་མཐོང་མ་ཐག་གམ་གོ་མ་ཐག པདྨ་མཚོ་ནི་བྱིས་པ་ཞིག་ཡིན་ནམ་གཞོན་པ་ཞིག་ཡིན་ནམ། རྒན་པ་ཞིག་ཡིན་ནམ། མི་ཇི་འདྲ་ཞིག་ཡིན་ནམ། འགྲན་རྩོད་ཅི་ཞིག་ལ་ཞུགས་པ་ཡིན་ནམ། རྒྱལ་ཁབ་ཐོབ་སོང་ངམ་ཕམ་ཁ་ཉོས་སོང་ངམ་སམ་སོགས་དྲི་བ་སྣ་ཚོགས་ཚོགས་ཤིག་སེམས་ནང་དུ་འཚང་ཁ་བྱས་ནས་ཐད་ཀར་དུ་སྒྲུང་འདི་ལ་ཉན་པའམ་ཀློག་པའི་ལས་ལ་ཞུགས་ངེས་པར་མ་ཟད། རེ་བ་དང་བྲེལ་བ་ཆེན་པོས་མགྱོགས་མྱུར་གྱིས་མགོ་ནས་མཇུག་བར་དུ་ཀློག་པ་དང་ཉན་པའི་མཚར་སྣང་དང་སྤྲོ་བ་ཆེན་པོ་སློང་ཐུབ། བརྩམས་ཆོས་དང་དཔེ་དེབ་ཀྱི་མིག་དང་སྒེའུ་ཁུང་ལྟ་བུ་ནི་མཚན་བྱང་ཡིན་པས་བྱིས་སྒྲུང་འདིའི་ལེགས་འགྲུབ་ཀྱི་ཆ་ཆེས་ཆེ་ཤོས་གཅིག་ནི་མཚན་བྱང་གྱུར་ཡོད་པར་འདོད། མཚན་བྱང་ཁོ་ནས་རྩོམ་པ་པོ་བྱིས་པ་ལ་རྒྱུས་ཆེ་བ་དང་བྱིས་པའི་སེམས་ཁམས་རྟོགས་པ་ཤེས་ཐུབ། སྒྲུང་འདིའི་བརྗོད་བྱ་བོད་ཀྱི་བྱིས་པ་ཞིག་ལ་མཚོན་ན་རང་གི་འཚོ་བ་ཡིན་པས་ཆ་རྒྱུས་ཡོད་ལ་རང་གི་ཁོར་ཡུག་ཡིན་པས་དགའ་བོ་ཡོད་པ། སྲོལ་རྒྱུན་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ཀྱིས་བྱིས་པ་ལ་འདུ་ཤེས་སྐྱེད་པ་དང་བརྟན་པོར་གཏོང་བའི་ཕན་པ་ཆེ་བ། ཆུང་དུས་ནས་བདེན་དགེ་མཛེས་གསུམ་དོན་གཉེར་དང་ལག་ལེན་ལ་ཞུགས་དགོས་པ། དངངས་སྐྲག་དང་བག་འཁུམ་གྱིས་མི་འདུག་པར་རང་གི་ཐོབ་ཐང་རྩོད་ལེན་བྱེད་དགོས་པ་སོགས་ཀྱི་བསམ་བློ་སྐྱེད་པ་དང་བག་ཆགས་འཇོག་པ་སོགས་ཀྱི་ཕན་ཡོན་མང་དུ་ཡོད་པས་ཡག་པོར་མཐོང་མོད། སྒྲུང་ནང་གི་སྤྱི་ཚོགས་ཀྱི་སྣང་ཚུལ་སྐོར་ཞིག་རྩོམ་པ་པོ་རང་གི་འདོད་པ་བཞིན་བཙན་གྱིས་བྲིས་ཡོད་པ་དང་སྐད་ཆ་མང་པོ་ཞིག་སྤྱི་ཚོགས་ཀྱི་མིས་བཤད་པ་མ་ཡིན་པར་རྩོམ་པ་པོ་རང་གིས་ཨུ་ཚུགས་ཆེན་པོས་བཤད་ཡོད་པའི་ཆ་མང་དུ་མཆིས། སྤྱིར་སྒྱུ་རྩལ་རྩོམ་རིག་གི་འབྱུང་ཁུངས་སམ་གཞི་བཅོལ་ས་ནི་སྤྱི་ཚོགས་རང་ཡིན་ལ། སྤྱི་ཚོགས་ཚུར་སྣང་་བྱེད་པ་ཞིག་ཡིན་པས། བརྩམས་ཆོས་ཀྱི་བརྗོད་བྱ་སྤྱི་ཚོགས་དངོས་དང་མཐུན་དགོས་ལ་མི་སྣའི་སྐད་ཆ་སྤྱི་ཚོགས་ཀྱི་མིའི་སྐད་ཆ་ཡིན་དགོས་པ་རྩ་དོན་ལྟ་བུ་ཞིག་ཏུ་སོང་ཡོད་པས། བརྩམས་ཆོས་ལས་རྩོམ་པ་པོ་དབང་ཆེ་བར་སོང་འདུག་པ་འདི་ཅུང་མི་འགྲིག་པར་སྙམ། རྗོད་བྱེད་ཀྱི་ཆ་ནས་བྱིས་བློ་དང་ཅུང་ཙམ་འཚམ་པོ་ཡོད་རུང་བྱིས་པའི་ངག་ལ་མི་བདེ། སྐད་ཆའི་གཏན་ཚུགས་རང་བཞིན་གྱི་ཆ་ནས་ཨུ་ཚུགས་ཙམ་བྱས་ཡོད་པ་མ་གཏོགས་གོང་འགབ་དང་རྒྱུ་མཚན་འབྲེལ་མི་ཆགས་པའི་ཆ་ཡང་དུ་མ་མཆིས་པར་འདོད། བྱིས་པ་ལ་མིང་ཚིག་ཤེས་ཚད་དང་སྐད་ཆ་ལ་བསྐྱར་ཟློས་རང་བཞིན། དབྱངས་འགྲོས་རང་བཞིན་སོགས་ཀྱི་ཁྱད་ཆོས་དུ་མ་ཡོད་མོད། དེ་དག་ཀྱང་ཡིད་ཚིམ་པ་ཞིག་ཡོང་མི་འདུག ད་དུང་མ་དག་པའི་ཆ་འགའ་མཆིས་པ་ལས་རེ་གཉིས་ཤིག་དཔེ་མཚོན་དུ་དྲངས་ན། ༼ཕ་མ་དང་སྤུན་མཆེད་རྣམས་ཀྱིས་མོ་ལ་དམིགས་བསལ“གྱིས”གཟིགས་སྐྱོང་གནང་བ་མ་ཟད༽ཞེས་པ་ལས་གྱིས་འདི་ལྷག་མ་ཞིག་ཏུ་གྱུར་འདུག ༼ཚང་མ་གསོལ་སྟོན་ལ་རོལ་བཞིན་པའི་སྐབས་སུ༽ཞེས་ན་བྱེད་སྒྲ་ཆད་འདུག་པས་གོ་རྒྱུ་མི་འདུག

 

ཚང་མས་གསོལ་སྟོན་ལ་རོལ་ཞེས་འབྲི་དགོས། རྟ་རྒྱུག་དང་རྟ་གཤིབ། རྒྱུག་མཁན། ཞོན་མཁན། རྟ་རྒྱུག་པ་སོགས་མིང་ཚིག་མི་འདྲ་བ་མང་དུ་བྲིས་ཡོད་པ་འདི་མིང་ཚིག་ངོ་ཤེས་དང་དངོས་པོ་ཐོག་མར་ངོས་འཛིན་གྱི་བྱིས་པ་ཞིག་ལ་མ་ཟད། རྒན་པའི་སྒྲུང་དུ་ཐོན་ན་ཡང་སྐྱོན་དུ་འགྱུར་བའི་རིགས་རེད། བྱིས་སྒྲུང་གི་ཕན་ཡོན་ཆེན་པོ་གཅིག་ནི་བྱིས་པ་བཤད་ཀློག་འབྲི་གསུམ་ལ་མཁས་པ་དང་བྱང་བར་བྱེད་པ་དེ་ཡིན་པས། སྦྱོར་བའམ་རྗོད་བྱེད་ཤིན་ཏུ་གལ་ཆེ་བས་ཐུགས་ཉམས་ཆེན་པོ་འཇོག་དགོས། རི་མོའི་ཆ་ནས་བྱིས་སྒྲུང་འབྲི་མཁན་དང་རི་མོ་འབྲི་མཁན་གཉིས་ཀ་མི་གཅིག་ཡིན་པས། རི་མོས་སྒྲུང་གི་ནང་དོན་ཤིན་ཏུ་གསལ་བོར་མཚོན་ཐུབ་ཡོད་པར་མ་ཟད། རི་མོ་དང་སྒྲུང་གིས་ཕན་ཚུན་ལ་རམ་འདེགས་ཀྱི་ནུས་པ་ཡང་ཆེན་པོ་ཐོན་ཡོད་མོད། བྱིས་པའི་བློ་ཁ་དང་དེ་འདྲ་འཚམ་པོ་ཞིག་ཡོང་མི་འདུག་པ་འདྲ་། གཞན་ཁོར་ཡུག་གི་སྐྱེ་དངོས་དང་དངོས་པོ། མི་དང་སྲོག་ཆགས། མིའི་མགོ་རྐང་དང་དབང་ལྔ་སོགས་ཀྱི་ཆ་ཚད་ཚད་ལྡན་ཞིག་ཡོང་མེད་པ་འདྲ། འདི་ནས་ཚད་ལྡན་ཞེས་པ་ནི་རི་མོའི་སྤྱིའི་ཚད་གཞིའི་ཆ་ནས་ཡིན་མོད། གཙོ་བོ་རིས་དེབ་ཀྱི་རི་མོ་ལ་རང་གི་ཁྱད་ཆོས་དང་ལྡན་པའི་ཆ་ཚད་ཅིག་ཡོད་པ་དེ་ཟེར་བ་ཡིན། ཚབས་ཤིན་ཏུ་ཆེ་བ་ཞིག་ནི་ཉི་མ་དམར་པོ་བྲིས་ཡོད་པ་དེ་རེད། འདི་ནི་ང་ཚོའི་མཛེས་དཔྱོད་དང་འདུ་ཤེས་ལ་ཡོངས་སུ་འགལ་ཡོད་པ་ཞིག་ཡིན་ལ། རྟེན་འབྲེལ་ལོག་པ་ཞིག་ཀྱང་རེད། ནོར་འཁྲུལ་འདི་ཚང་མས་མང་དུ་འབྱུང་བཞིན་འདུག་མོད། འདི་རིགས་རྩ་བ་ནས་མི་ཆོག་པའི་རིགས་ཡིན་པས་ཐུགས་འཇགས་ཆེན་པོ་གནང་བར་འཚལ། རི་མོ་ནི་རིས་དེབ་ཀྱི་གྲུབ་ཆ་ཆེན་པོ་གཅིག་ཡིན་ལ་བྱིས་པས་ཡི་གེ་ལས་རི་མོ་ལ་དོ་སྣང་བྱེད་པས། རི་མོ་འབྲི་བར་སློབ་སྦྱོང་མང་དུ་བྱེད་དགོས་ལ་ཐུགས་ཉམས་ཆེན་པོ་འཇོག་དགོས་པ་ལས་ཨུ་ཚུགས་དང་ཧ་རེ་ཧུ་རེ་གཏན་ནས་བྱེད་མི་ཉན། དཔེ་ཆ་རྩོམ་སྒྲིག་ཕྱོགས་ནས་ཡི་གེའི་ཆེ་ཆུང་དང་ཚེག་བར་ཡངས་དོག ཤད་མཚམས་ཡངས་དོག་མི་མཉམ་པ། རི་མོའི་མཐའ་རིས་ཚད་ལྡན་ཡོང་མེད་པ། ཚན་པ་རེ་རེའི་མགོའི་སྟོང་ཆ་མི་མཉམ་པ། ཤོག་ངོས་རེ་རེའི་ཡི་གེ་དང་རི་མོའི་ཆ་ཚད། ཚོན་མདངས་སོགས་ལ་མི་འདང་བའི་ཆ་མང་དུ་མཆིས་པ་འདི་དག དེབ་འདིའི་སྐྱོན་ཆ་ཁོ་ན་ཙམ་མ་ཡིན་པར། ང་ཚོས་མིག་སྔར་རྩོམ་འབྲི་ཙམ་ལས་རྩིམ་སྒྲིག་ལ་སློབ་སྦྱོང་དང་སྣང་འཇོག་བྱེད་ཀྱིན་མེད་པས། དེབ་སྤྱིའི་ཞན་ཆ་ཆེན་པོ་ཞིག་ཡིན་པས། འདི་ཕྱོགས་ལ་སློབ་སྦྱོང་དང་དོ་སྣང་། ཞིབ་ཚགས་བྱེད་རྒྱུ་ཤིན་ཏུ་ནས་ཀྱང་གལ་ཆེ། གཏམ་གྱི་མཇུག་མ།ང་རང་གིས་དཔྱད་བརྗོད་འདི་ནི་རྩོམ་པ་པོ་དང་ངོ་ཤེས་ཡིན་པས་ཁོང་ལ་ཕྱོགས་ཞེན་གྱིས་བསྟོད་པ་ཆེན་པོ་བྱས་ཏེ་བྲིས་མེད་ལ། ལས་རིགས་འདི་ལ་ཞུགས་མཁན་གྲས་ན་ང་རང་གི་གྲོགས་པོ་བཟང་བོ་རེ་ཡོད་པ་དང་། ང་རང་ཡང་ལས་འདི་ལ་ཞུགས་ཁུལ་བྱེད་མཁན་ཞིག་ཡིན་པས་ཕྲག་དོག་གིས་བཟུང་ཞིང་ང་རྒྱལ་གྱིས་སྦས་ནས་སྨད་པ་ཡང་བྱེད་མེད་པར་རང་གི་ཡོན་ཚད་དང་བློས་དཔག་ཚོད་ཀྱིས་དྲང་པོ་དྲང་གཞག་གིས་བྲིས་ཡོད། ཡང་གཅིག་བཤད་ན་ང་རང་ཚོ་ལས་འདི་ལ་གོམ་པ་དང་པོ་པ་ཡིན་ལ། ལས་འདི་ལྗ་མྱུག་གི་སྐབས་ན་ཡོད་པས། དཔྱད་བརྗོད་འདི་ཙམ་ཡང་ལས་འདི་དར་ཞིང་རྒྱས་པའི་རྒྱུ་རུ་འགྱུར་ན་བསམས་ནས་ལྷག་བསམ་རྣམ་དག་དང་བསམ་བློ་དྲང་མོས་བྲིས་ཡོད། གལ་ཏེ་དཔྱད་བརྗོད་འདི་རྩོམ་པ་པོ་རང་གི་བསམ་བློ་དང་མི་མཐུན་པ་དང་བློར་མི་འབབ་པའི་ཆ་སོགས་ཡོད་ན་དགོངས་དག་ཞུ། གཞན་ལས་རིགས་འདི་ལ་དགའ་ཁ་འཁྱེར་ཕྱོགས་ཡོད་ལ་ལག་ལེན་གནང་མཁན་གྱི་དཔྱོད་ལྡན་སུ་ཞིག་གིས་མི་འགྲིག་མི་དག་པའི་ཆ་རེ་རིག་ན། ཁ་ཁོག་པས་མ་གསང་བློ་རྒྱུ་མས་མ་བསྐུམས་པར་གསལ་བོར་བཤད་དེ་མཛུབ་སྟོན་དང་གསལ་འདེབས་ཡོད་པའི་རེ་བ་ཞུ། མཇུག་མཐར་རྒན་དབལ་ཤུལ་མཁས་གྲུབ་ལགས་གཙོ་བྱས། ལས་འདི་ལ་ཁ་སེམས་གཉིས་མེད་དང་ལྷག་བསམ་རྣམ་དག སློབ་སྦྱོང་དང་ལག་ལེན་ཟུང་འབྲེལ་གྱིས་འབད་པས་ཞུགས་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག ཁྱེད་ཚོའི་ལམ་ཁ་སྔར་ལས་ཡངས་པ་དང་བོད་ཀྱི་བྱིས་པའི་རྩོམ་རིག་འདི་འཛམ་གླིང་བྱིས་པའི་རྩོམ་རིག་གི་རྒྱ་མཚོ་ཆེན་པོའི་མུ་ཏིག་རྡོག་ཅིག་ཏུ་འགྱུར་བའི་སྨོན་འདུན་སྙིང་ནས་ཞུ་ཞུ།

Topic: བྱིས་སྒྲུང་ནི་བྱིས་པའི་མ་མ་ཡིན། ─པདྨ་མཚོའི་འགྲན་རྩོད་ཅེས་པའི་བྱིས་སྒྲུང་བཀླགས་ཚོར།

No comments found.

New comment