༅།། དུག་སྦྲང་བསད་པས་སློབ་གྲྭ་ནས་ཕུད་པ།

༅།། དུག་སྦྲང་བསད་པས་སློབ་གྲྭ་ནས་ཕུད་པ།

ཉིན་ཞིག་བུ་བཀྲ་ཤིས་ངུ་བཞིན་སློབ་གྲྭ་ནས་ཕྱིར་རང་ཁྱིམ་ལ་ལོག་དུས། ཨ་མས་ཁྱེད་ག་རེའི་དོན་དུ་ངུ་བཞིན་ཡོད་ཞེས་དྲིས་པར། བུ་བཀྲ་ཤིས་ངས་དུག་སྦྲང་ཞིག་བསད་པས་སློབ་གྲྭ་ནས་ཕྱིར་ཕུད་བཏང་བྱུང་། ཞེས་ལན་བཏབ། ཨ་མ་ཡ་མཚན་ཏེ། དུག་སྦྲང་ཞིག་བསད་པས་སློབ་གྲྭ་ནས་ཕྱིར་ཕུད་བཏང་ཟེར་བ་ཞིག་སྔོན་ཆད་གོ་མ་མྱོང་། དྲང་མོ་ཤོད་ཅེས་བུ་བཀྲ་ཤིས་ལ་གཤེ་གཤེ་བཏང་།བུ་བཀྲ་ཤིས་ན་རེ། དེ་རང་ཉིན་གོང་། སློབ་གྲྭའི་སྤྱི་ཁྱབ་པའི་དབུའི་སྐྲ་མེད་ས་ལ་དུག་སྦྲང་ཞིག་བབས་འདུག ངས་སེམས་ཀྱིས་བཟོད་པར་སློབ་སྤྱིའི་དབུའི་དུག་སྦྲང་དེ་ལ་ཤུགས་ཡོད་ཚད་བརྒྱབ་ནས་བསད་པ་ཡིན་མོད། བསམ་ཤེས་མེད་པའི་སློབ་སྤྱི་དེས་ང་ལ་བཀྲ་དྲིན་ཆེ་ཞུ་རྒྱུ་ཕར་བཞག ་སྟེ་སང་ཉིན་ནས་ང་སློབ་གྲྭར་ཡོང་མི་ཆོག་ཅེས་གསུངས་བྱུང་། ཞེས་བཤད་པ་རེད།

༄༅།། རྐུན་མ་མགོ་བསྐོར་གཏོང་རྩིས།

མི་ཞིག་སྔ་དྲོ་རྟག་པར་ཆུ་མིག་ནས་ཆུ་ལེན་དུ་འགྲོ་སྐབས། ཆུ་མིག་ཡོད་ས་ནས་ཁོའི་ཆུ་ལེན་སའི་བུམ་པ་དེ་ཐེངས་གཉིས་ཙམ་བརླག་སྟོར་ཤོར་བ་རེད། ཁོ་ཁོང་ཁྲོ་ཟ་ཐག་ཆོད་དེ་སང་ཉིན་ཡིན་ན་ངས་བུམ་པ་འཁྱེར་མཁན་རྐུན་མ་དེ་ཟིན་ཐུབ་པ་མ་བྱས་ན་ང་ཨ་མའི་བུ་མིན་ཞེས་དམ་བཅའ་བཞག་ནས་ནམ་རྒྱུན་བཞིན་སྔ་དྲོ་ནམ་གསལ་ལ་མ་གསལ་ཞིག་ལ་ཆུ་མིག་ཡོད་ས་དེར་ཕྱིན་ཏེ། ནམ་རྒྱན་བུམ་པ་འཇོག་སའི་རྡོ་ཕ་བོང་དེའི་སྟེང་དུ་རང་ཉིད་བུམ་པའི་དབྱིབས་གཟུགས་བཟོས་ཏེ། ལག་པ་གཡོན་མ་སྐེད་གཟེམར་བྱས་ཏེ་བུམ་པའི་མཆུ་ཏོ་ཡིན་ཁུལ་བྱས་ཏེ་རྐུན་མ་སྒུག་ནས་བསྡད་པ་རེད། གང་མཚམས་ཤིག་ནས་རྐུན་མ་དེ་སླེབས་ཏེ་རྡོ་ཆུང་ཆུང་ཞིག་ཁོ་ཡོད་སར་འཕངས་པས། ཁོས་རང་ཉིད་བུམ་པ་ཡིན་ཁུལ་བྱས་ཏེ་ཏུང་ཏུང་ཞེས་སྐད་ཆུང་ཆུང་ཞིག་བརྒྱབ་པ་རེད། དེ་ནས་རྐུན་མ་དེས་རྡོ་ཆེ་ཙམ་ཞིག་འཁྱེར་ནས་ཁོ་ལ་བཞུས་པས། ན་ཐག་ུཆོད་དེ་ན་རེ། ཨ་ར་ར་ཞེས་སྐད་ཤོར་བས་རྐུན་མས་དེ་མི་ཡིན་པ་ཤེས་ནས་བྲོས་ཕྱིན་པས་ཁོས་མ་ཟིན་པ་རེད། རྐུན་མ་དེ་ནང་བསླེབས་ནས་རང་གི་མཛའ་མོ་ལ་དོན་རྐྱེན་དེ་བཤད་དེ། ཁོང་གཉིས་གད་མོ་ཤོར་ཐག་ཆོད་པ་རེད།

༄༅།། མངོན་ཤེས་ཡོད་མདོག་མ་བྱེད་ཨ།

ཁྱིམ་ཚང་གི་པ་ལགས་དང་ཨ་མ་ལགས་ལ་བུ་གཅིག་དང་བུ་མོ་ཞིག་ཡོད་པ་རེད། དགོང་ཇ་འཐུང་ཚར་བ་དང་། ཨ་མ་དང་བུ་མོ་གཉིས་ཁང་བའི་ཕྱི་ལོགས་སུ་ཧ་ཡང་དང་དཀར་ཡོལ་འཁྲུ་རུ་ཕྱིན་པ་རེད། པ་ལགས་དང་བུ་གཉིས་བརྙན་འཕྲིན་ལ་གཟིགས་ནས་བཞུགས་ཡོད་པས། བུ་ཆུང་ཆུང་དེས་ཕྱི་ལོགས་ལ་དཀར་ཡོལ་ཞིག་ཆག་པའི་སྒྲ་ཐོས་ཏེ་ན་རེ། ཨོ། པ་ལགས། དེ་རིང་དཀར་ཡོལ་བཅག་མཁན་ཨ་མ་རེད་ཅེས་ཚིག་ཐག་བཅད་ནས་བཤད་པ་རེད། པ་ལགས་ཀྱིས་ཁྱོད་ཀྱིས་མངོན་ཤེས་ཡོད་མ་བྱེད། མིག་གིས་མ་མཐོང་ན་ཤེས་མདོག་བྱེད་རྒྱུ་ཡོད་པ་མ་རེད་ཅེས་བཤད། བུ་དེས་དཀར་ཡོད་ཨ་ཅག་གིས་བཅགས་ན་ཨ་མ་ལགས་ཀྱིས་བཀའ་སྐྱོན་གཏོང་རྐྱང་རེད། ད་རེས་བཀའ་སྐྱོན་བཏང་བ་གོ་མ་སོང་པས། དཀར་ཡོད་ཨ་མ་ལགས་ཀྱིས་བཅག་པ་ཡིན་ཁོ་ཐག་རེད་ཅེས་བཤད། དེ་ནས་པ་ལགས་དང་བུ་གཉིས་ཕྱིར་སོང་ནས་བལྟས་པ་ན། དཀར་ཡོལ་ཨ་མ་ལགས་ཀྱིས་བཅགས་པ་ཡིན་པ་རེད། དེ་ནས་པ་ལགས་རང་གི་བུའི་རིག་པ་ལ་མཉེས་ཚོར་ཆེན་པོ་བྱུང་བ་རེད།

༄༅།། དགེ་ཕྲུག་ཉི་མ།

དགེ་བཤེས་སྐལ་བཟང་ལགས་ཀྱིས་དགེ་ཕྲུག་ཉི་མ་ལ་ཕྱག་དཔེ་འཁྲིད་བའི་སྐབས་སུ། དགེ་བཤེས་ལགས་ཀྱིས་ཆོས་ཐམས་ཅད་མི་རྟག་པ་རེད། སངས་རྒྱས་ཀྱང་འདུས་བྱས་ཐམས་ཅད་མི་རྟག་པ་ཞེས་གསུང་མི་འདུག་གམ་ཞེས་ཡང་ཡང་བཤད། ཉིན་ཞིག་དགེ་ཕྲུ་ག་ཉི་མ་ཞོགས་པ་ཆུ་ལེན་དུ་སོང་དུས། རྐང་བ་འཁྱག་པའི་སྟེང་དུ་འདྲེད་བརྡར་ཤོར་ཏེ་ཆུ་ཟོམ་བཅགས་པ་རེད། དེ་ནས་ཁོའི་ཡིད་ལ་ཁ་སང་དགེ་རྒན་གྱིས་གསུང་བ་དེ་དྲན་པ་དང་། དགེ་རྒན་གྱི་མདུན་དུ་སོང་སྟེ། རྒན་ལགས་ཆོས་ཐམས་ཅད་མི་རྟག་པ་རེད་དམ་ཞེས་དྲིས། དགེ་རྒན་གྱི་ཐུགས་ལ་དགེ་ཕྲུག་གིས་སློབ་གཉེར་གྱི་ཕྱོགས་ལ་དོན་གཉེར་ཡག་པོ་བྱིད་ཀྱིན་འདུག་དགོངས་ཏེ་ན་རེ། དེ་རེད། དཔེ་ཡག་པོ་འདུག་ཅེས་སྟོད་སྔགས་བྱས། དེ་ནས་དགེ་ཕྲུག་ཉི་མས། རྒན་ལགས་ངེད་གཉིས་ཀྱི་ཆུ་ཟོམ་དེ་མི་རྟག་པ་རེད་དམ་ཞེས་དྲིས། དགེ་རྒན་གྱིས་ཡིན་དང་ཡིན་ཞེས་གསུང་། དེ་ནས་དགེ་ཕྲུག་ཉི་མས་ཆུ་ཟོམ་བཅགས་པའི་ལོ་རྒྱུས་དགེ་རྒན་ལ་དྲང་མོ་བྱས་ནས་བཤད་པ་དང་དགེ་རྒན་ཁ་རྐྱངས་དགོས་བཟོས་པ་རེད།