ཁོ་བོའི་སྨྱུག་མིང་ལ་ཤིས་ཚང་ལྗང་མྱུག་དང་། དྲ་མིང་ལ་འབར་ཞུན་ཞེས་འབོད། དུས་རབས་སྔ་མའི་ལོ་རབས་བརྒྱད་ཅུ་བའི་ནང་མདོ་ལྷོའི་ཀླུ་ཆུའི་ཡུལ་དུ་སྐྱེས། ཆུང་དུས་སློབ་ཆུང་ལོ་རིམ་ལྔ་བ་མཐར་ཕྱིན་ཁ་མར་རང་ཉིད་ཀྱི་མོས་པ་ལྟར་རབ་ཏུ་བྱུང་སྟེ་ད་བར་དགོན་སྡེའི་སློབ་གསོ་འབའ་ཞིག་གི་ཁྲོད་ནས་འཚར་ཏེ་འོངས། ༢༠༠༡ ལོར་གསར་རྩོམ་གྱི་ལམ་བུར་ཞུགས་པ་ནས་སྔ་ཕྱིར་ཚད་དམའ་བའི་སྙན་ངག་དང་། ལྷུག་རྩོམ། འབོལ་རྩོམ། དཔྱད་རྩོམ། གཞས་ཚིག་སོགས་མང་དུ་བྲིས་ཤིང་། དེ་དག་ལས་འགའ་ཞིག་ཕྱོགས་བསྡེབས་ཀྱིས་དེབ་ཀྱི་གཟུགས་སུའང་དཔར་མྱོང་། ད་ལྟ་མི་ཡུལ་གྱི་གྲུ་ག་ཞིག་ཏུ་སློབ་སྦྱོང་ཞེས་པའི་ཐ་སྙད་དེའི་མངའ་ཐང་ན་ཅི་ཞིག་གིས་སེམས་པ་མ་ཁོམ་པར་ལུས་ཡོད།
[ཁག་དང་བོ།]
འོད་ཀྱི་སྐར་མདའ།
སྲོང་བཙན་སྒམ་པོའི་ཐུགས་དགོངས་ལ་འཁྲུངས་ཤིང་།
ཐོན་མི་ཨ་ནུའི་བློ་རིག་གིས་ཆུན་པའི།
བོད་ཀྱི་སྐད་ཡིག དབྱངས་གསལ་སོ་བཞི།
དཀའ་སྡུག་ཁྲི་ཕྲག་གིས་བསུས་པའི་འོད་ཀྱི་སྣང་བ་དེ་ཁྱོད་ཡིན།
དཔའ་མཛངས་རྟུལ་ཕོད་ཀྱིས་བསྐྲུན་པའི་གསེར་གྱི་ལྡེ་མིག་དེ་ཁྱོད་ཡིན།
ཨོ་་་ དབྱངས་གསལ་སོ་བཞིའི་འོ་དྲི། འཐུང་ན་དེ་འདྲའི་ཁ་ལ་ཞིམ་པ་ལ།
ཨོ་་་ དབྱངས་གསལ་སོ་བཞིའི་དབྱངས་རྟ། ཉན་ན་ཇི་འདྲའི་རྣ་བར་སྙན་པ་ལ།
སྐུ་མཁར་མ་རུའི་ཕོ་བྲང་ནས་བརྩམས་ཤིང་།
ཐོན་མི་ཨ་ནུའི་རྣམ་དཔྱོད་ཀྱིས་བཏེགས་པའི།
བོད་ཀྱི་སྐད་ཡིག དབྱངས་གསལ་སོ་བཞི།
མུན་པའི་མཁའ་དབྱིངས་ལ་སྤུར་བའི་འོད་ཀྱི་སྐར་མདའ་དེ་ཁྱོད་ཡིན།
བག་འཁུམས་གཤིས་རྒྱུད་ལ་མཆེད་པའི་སྤོབས་པའི་མེ་ལྕེ་དེ་ཁྱོད་ཡིན།
ཨོ་་་ དབྱངས་གསལ་སོ་བཞིའི་མེ་ཏོག བལྟས་ན་དེ་འདྲའི་མིག་ལ་མཛེས་པ་ལ།
ཨོ་་་་ དབྱངས་གསལ་སོ་བཞིའི་རྒྱུད་མང་། དཀྲོལ་ན་ཇི་འདྲའི་ཡིད་སེམས་འཕྲོག་པ་ལ།
(གཞས་ཚིག་འདིའི་བདག་དབང་མགར་བསམ་འགྲུབ་ཚེ་རིང་ལ་ཡོད།)
མེས་པོ་ལགས། བདེ་བར་གཟིམ་དང་།
ཡབ་མེས་བཙན་པོའི་ཞབས་རྗེས་སྙིང་ལ་བཅངས་ནས།
དཔའ་མཛངས་སྙིང་སྟོབས་གོ་ལའི་ཟེ་བར་བཏེགས་ནས།
ཁྱེད་ཀྱི་བསམ་དོན། མི་འགྱུར་སྙིང་ལ་གཙགས་ཡོད།
སྙིང་གི་གསང་བ། སེམས་ཀྱི་གཤིས་ལ་བཅོལ་ཡོད།
མེས་པོ་ལགས། བདེ་བར་གཟིམ་དང་།
ངེད་ནི་བཙན་པོའི་བུ་རྒྱུད་ཡིན། མི་རབས་སྟོང་གི་རྒྱུད་འཛིན་ཡིན།
ངེད་ལ་ཉམས་པ་མེད་པའི་སྟོབས་ཤིག་ཡོད། བསླུ་ཐབས་མེད་པའི་སེམས་ཤིག་ཡོད།
རིགས་རུས་གཙང་མའི་འགོ་དང་ཁུངས་ལ་བསྙེགས་ནས།
ཁ་བའི་གླུ་སྐད་ས་ཆེན་མཐའ་ལ་གྱེར་ནས།
ཁྱེད་ཀྱི་ཞལ་ཆེམས། གོར་མོ་རྡོ་ལ་བརྐོས་ཡོད།
རྡོ་ཡི་རི་མོ། འགྱུར་མེད་སེམས་ལ་བཏབ་ཡོད།
མེས་པོ་ལགས། བདེ་བར་གཟིམ་དང་།
ངེད་ནི་བཙན་པོའི་བུ་རྒྱུད་ཡིན། མི་རབས་སྟོང་གི་རྒྱུད་འཛིན་ཡིན།
ངེད་ལ་འགྱུར་བ་མེད་པའི་གདེངས་ཤིག་ཡོད། གསོད་ཐབས་མེད་པའི་སྲོག་ཅིག་ཡོད།
(གཞས་ཚིག་འདིའི་བདག་དབང་གངས་ཅན་པ་སྒྲོལ་མ་སྐྱབས་ལ་ཡོད།)
ཡུལ་གྱར་བ།
གངས་རིའི་འདབས་ནས་ཆས་སོང་།
ཁ་བའི་ལྗོངས་ནས་བཞུད་སོང་།
ཞེན་ཆགས་ཀྱི་ཕྱི་མིག་རེ་རེ། བོད་ཁ་བའི་ཞིང་ལ་འཁྲེང་ཡོད།
དུངས་ཞེན་གྱི་སེམས་པ་རེ་རེ། གྲོགས་ན་ཟླའི་དཔུང་ལ་ཆགས་ཡོད།
ཨོ་་་་་་་་ ཡུལ་གྱར་བ། སེམས་ཀྱི་སྤུན་ཟླ།
རེ་བའི་རྨི་ལམ་གཅིག་ཡིན། ཕུགས་ཀྱི་འདུན་མ་ཆ་ཡིན།
ཕྱི་ལུས་པོའི་བར་ཐག་ཡུལ་གྱིས་བསྐལ་ཡང་།
ནང་སེམས་ཀྱི་ལག་རྡང་དམ་པོར་སྦྲེལ་ཡོད།
གངས་རིའི་འདབས་ནས་ཆས་སོང་།
ཁ་བའི་ལྗོངས་ནས་བཞུད་སོང་།
དྲན་གདུང་གི་ཚོར་བ་རེ་རེ། དྲིན་ཕ་མའི་སེམས་ཀྱིས་སྲུང་ཡོད།
གྱེས་བྲལ་གྱི་ན་ཟུག་རེ་རེ། ནང་ཕུ་ནུའི་ཡིད་དུ་སྒོམ་ཡོད།
ཨོ་་་་་་་་་་ ཡུལ་གྱར་བ། སེམས་ཀྱི་སྤུན་ཟླ།
ཡིད་ཀྱི་རེ་སྒུག་གཅིག་ཡིན། སྙེག་པའི་ལམ་བུ་ཆ་ཡིན།
ཕྱི་ལུས་པོའི་བར་ཐག་རྒྱང་གིས་ཆོད་ཀྱང་།
ནང་སེམས་ཀྱི་འོ་ཆུ་གཅིག་ཏུ་འདྲེས་ཡོད།
(གཞས་ཚིག་འདིའི་བདག་དབང་གངས་ཅན་པ་སྒྲོལ་མ་སྐྱབས་ལ་ཡོད།)
ཁ་བ་ཅན་གྱི་མེས་པོ།
གངས་རི་དཀར་བོའི་ཁ་དོག་དཀར་བོ་རེད། དབུ་འཕང་མཐོན་པོ་རེད།
ང་ཡི་མེས་པོའི་ཞེ་རྩ་དེ་དང་གཅིག་རེད། དེ་དང་ཆ་རེད།
གཡོ་སྒྱུའི་དྲི་མ་མི་གདའ། ཟོ་བཟང་དད་པའི་རང་གཤིས།
གཞན་ཕམ་བསམ་བློ་མི་མངའ། སྒང་བ་བོད་པའི་རྒྱན་ཆ།
ཨོ་་་ དེ་ནི་ཁ་བ་ཅན་གྱི་མེས་པོ་ཚོས་ ཁ་བ་ཅན་ལ་བཞག་པའི་བཤུལ་ནོར་རེད།
འབྲོང་གཡག་དར་མའི་རྭ་རྩེ་རྣོན་པོ་རེད། བློ་སྟོབས་ཆེན་པོ་རེད།
ང་ཡི་མེས་པོའི་བློ་སྤོབས་དེ་དང་གཅིག་རེད། དེ་དང་ཆ་རེད།
ལ་རྒྱའི་རང་ཚུགས་མི་འཆོར། དཔའ་མཛངས་བཙན་པོའི་རུས་རྒྱུད།
གཞན་མགོ་རྡོག་པས་མི་གནོན། ཡ་རབས་བོད་པའི་ཁྱད་གཤིས།
ཨོ་་་་ དེ་ནི་ཁ་བ་ཅན་གྱི་མེས་པོ་ཚོས་ ཁ་བ་ཅན་ལ་བཞག་པའི་གཅེས་ནོར་རེད།
(གཞས་ཚིག་འདིའི་བདག་དབང་གངས་ཅན་པ་སྒྲོལ་མ་སྐྱབས་ལ་ཡོད།)
ཀླུ་ཆབ་སྔོན་མོ།
ཀླུ་རྒྱལ་དཔལ་བཙུན་གནས་པའི་རི་ནས་བབས་ཏེ།
ལྕམ་མོ་སྣེ་རིང་བཞུགས་པའི་ཞོལ་ནས་བཞུར་ཏེ།
ཨ་་་ ཆུ་གཙང་བོ། ཀླུ་ཆབ་སྔོན་མོ།
ཆུ་མིག་སྟོང་ཕྲག་གིས་བརྒྱན་པའི་
ཡན་ལག་བརྒྱད་ལྡན་གྱི་ཆུ་བོ།
རི་ལུང་ཡུལ་ལུང་མང་བོ་རིམ་གྱིས་བརྒྱུད་ནས།
རྨ་ཀླུང་རིང་མོའི་གྲོགས་དང་གཉེན་དུ་གྱུར་ཡོད།
ཨོ་་ ཀླུ་ཆབ་སྔོན་མོ། གནའ་སྔ་མོ་ཞིག་ལ།
ཁྱོད་ཀྱི་རྒྱུད་ད། བཙན་པོའི་རྟ་དམག་གི་རྨིག་སྒྲ་མཆེད་མྱོང་།
ཁྱོད་ཀྱི་ངོགས་ནས། མེས་པོའི་དཔའ་མཛངས་ཀྱི་བློ་སྟོབས་རྒྱས་མྱོང་།
གནམ་གྱི་མཐོངས་ལ་ཟུག་པའི་རི་ནས་བབས་ཏེ།
ངོ་མཚར་བྲག་རྫོང་སྟུག་པོའི་ཁོངས་ནས་བཞུར་ཏེ།
ཨ་་་ ཆུ་གཙང་བོ། ཀླུ་ཆབ་སྔོན་མོ།
ཆུ་སྣ་སྟོང་འདུས་ཀྱི་བཞུར་རྒྱུན།
དྭངས་བསིལ་གཉིས་འཛོམས་ཀྱི་ཆུ་བོ།
རྨ་ཀླུང་རིང་མོའི་གྲོགས་དང་གཉེན་དུ་བསྡེབས་ནས།
ཤར་གྱི་རྒྱ་མཚོའི་ཚེ་དང་སྲོག་ལ་ཐིམ་ཡོད།
ཨོ་་ ཀླུ་ཆབ་སྔོན་མོ། གནའ་སྔ་མོ་ཞིག་ལ།
ཁྱོད་ཀྱི་རྒྱུད་དུ། བཙན་པོའི་དཔུང་དམག་གི་ཀི་སྒྲ་མཆེད་མྱོང་།
ཁྱོད་ཀྱི་ངོགས་ནས། འཐབ་འཛིང་སྲོག་གཏད་ཀྱི་དམག་རྫོང་བཏབ་མྱོང་།
(གཞས་ཚིག་འདིའི་བདག་དབང་གངས་ཅན་པ་སྒྲོལ་མ་སྐྱབས་ལ་ཡོད།)
གཡང་དཀར་འཚོ་བའི་བུ་མོ།
ལྷད་མེད་ཀྱི་སེམས་པའི་གཞི་ལ། དྭངས་གཙང་གི་གཤིས་རྒྱུད་ནེམ་ཡོད།
ཞི་འཇམ་གྱི་དགོད་སྒྲའི་ཀློང་ན། རྙེད་དཀའ་བའི་འཛུམ་མདངས་ཤིག་ཡོད།
ཨ་རོག གཡང་དཀར་འཚོ་བའི་བུ་མོ།
ངག་ཀ་ཁས་བློ་སྒོ་མ་གྲོལ་ཅིང་། ཆོས་ཟབ་མོའི་གདམས་པ་མ་བླངས་རུང་།
སྤྱང་ཀི་ཚེ་ཐར་གཏོང་བའི་སེམས་རྒྱ་དེ་ཁྱོད་ཀྱི་ཡིན།
ལུག་ཆུང་བྲང་ལ་རུམ་པའི་བརྩེ་བ་དེ་ཁྱོད་ལ་མངའ།
ཨོ་་་ འབྲོག་པའི་བུ་མོ་གཤིས་བཟང་མ། ལུག་རྫི་བུ་མོ་སེམས་དཀར་མ།
སྦྲ་རོག་རོག་བུ་མོའི་གཞིས་ཀ་ཡིན། འབའ་ལུ་གུ་བུ་མོའི་རྩེད་རོགས་ཡིན།
མེ་ཏོག་གི་ན་སྤང་ཚལ་དུ། དག་གཙང་གི་སྨོན་པ་ལྟེམས་ཡོད།
ཟོལ་མེད་ཀྱི་ལྷག་བསམ་ཀློང་ན། འཐོབ་དཀའ་བའི་བརྩེ་དུང་ཞིག་ཡོད།
ཨ་རོག གཡང་དཀར་འཚོ་བའི་བུ་མོ།
དེང་བསམ་བློའི་སློབ་གསོ་མ་བརྒྱུད་ཅིང་། བློ་རིག་པའི་བདར་ཤ་མ་ཆོད་རུང་།
གླག་མོའི་མཁའ་ལམ་ཕྱེ་བའི་སེམས་རྒྱ་དེ་ཁྱོད་ཀྱི་ཡིན།
ལུག་ཆུང་གཡང་ནས་འདྲེན་པའི་སྙིང་རྗེ་དེ་ཁྱོད་ལ་མངའ།
ཨོ་་་་ རྩྭ་ཐང་བུ་མོ་གཞུང་དྲང་མ། ལུག་རྫི་བུ་མོ་ཁོག་ཡངས་མ།
གོས་ཕྱིང་ལྭ་བུ་མོའི་ཆར་གོས་ཡིན། བལ་ཁ་ཆུ་བུ་མོའི་མལ་སྟན་ཡིན།
(གཞས་ཚིག་འདིའི་བདག་དབང་གཞས་མ་སྒྲོན་པེ་ལ་ཡོད།)
གངས་ལྗོངས་ཕྱུག་མོ།
ཉི་རྩེ་གངས་ལ་ཕོག་པས་གངས་ཀྱི་རང་མདངས་འོད་འཚེར་འཚེར།
ཉི་འོད་སྤང་ལ་ཁྱབ་པས་སྤང་གི་བཀྲག་མདངས་ཁྲ་ལམ་ལམ།
མཛེས་པའི་གངས་ལྗོངས་ཕྱུག་མོ། ང་ཡི་ཕ་ས་ཕ་ཡུལ།
དུས་བཞིའི་བདག་མོ་ལྷ་ལས་བབས་ཏེ། མི་ཡི་སེམས་པ་དྲོད་ཀྱིས་གསོས་བྱུང་།
མ་བཅོས་རང་བྱུང་ལྷུན་ཆགས་མཛེས་པས། ལྷ་ཡུལ་དག་པའི་ཞིང་དུ་འཁྲིད་འགྲོ།
འགྲོན་པོ་ལགས། ཕེབས་རོགས་མཛོད།
ཁ་བའི་སྨན་ལྗོངས་ཤམ་བྷ་ལ་ཡི་མགྲོན་དུ་ཕེབས་རོགས་མཛོད།
ཟླ་ཟེར་གཙང་བོར་ཕོག་པས་གཙང་བོའི་བཞུར་རྒྱུན་འོད་ཆེམ་ཆེམ།
ཟླ་འོད་མཚན་ལ་ཁྱབ་པས་མཚན་མོའི་མཛེས་ལྗོངས་དྭངས་བསིལ་བསིལ།
སྐྱིད་པའི་གངས་ལྗོངས་ཕྱུག་མོ། ང་ཡི་ཕ་ས་ཕ་ཡུལ།
བག་ཕེབས་ཞི་བདེའི་སྣང་བ་དཀར་བོ། རིས་མེད་འགྲོ་བའི་ཡིད་ལ་སིམ་ཡོད།
ཞི་བསིལ་དམ་ཆོས་བདུད་རྩིའི་ཟེགས་མས། སྙིང་རྗེའི་འོད་ཀྱི་ཞིང་ལ་འཁྲིད་འགྲོ།
འགྲོན་པོ་ལགས། ཕེབས་རོགས་མཛོད།
ཆོས་ཀྱི་ཕ་ས་ལྷ་ལྡན་དག་པའི་ཞིང་དུ་ཕེབས་རོགས་མཛོད།
(གཞས་ཚིག་འདིའི་བདག་དབང་གངས་ཅན་པ་སྒྲོལ་མ་སྐྱབས་ལ་ཡོད།)
ཆུ་ལེན་བུ་མོ།
ནངས་སྐྱ་རེངས་དང་བོ་ཐོད་ཀྱིས་བསུས་ཏེ།
སྦྲ་ནག་པོའི་མིག་འོད་ཁྱོད་ཀྱིས་ཕྱེས།
ཨ་་་ ཆུ་ལེན་བུ་མོ།
སྟག་ཤ་རའི་སེམས་པ་འཁུར་བའི་ཨ་ཅེ་འབྲོག་མོ།
གསོམ་དཀར་ཟོ་བའི་ནང་ལ།
ཆུ་མོ་སྐྱོགས་ཀྱིས་བཅུས་ཏེ།
ཆུ་ལམ་ཀྱ་ཀྱུར་ཞུགས་དུས།
སྣང་བ་སྐྱོ་སྐྱོ་མ་གནང་།
ཨ་་་ ཆུ་ལེན་བུ་མོ།
ཁྱོད་ཀྱིས་འཁུར་བའི་གསོམ་དཀར་ཟོ་བའི་ཆུ་མོ་དེ།
མཐོ་ལྷ་ཡི་མཆོད་ཆབ་དྭངས་མོ་ཡིན།
དྲིན་ཕ་མའི་གསོལ་ཆབ་དྲོན་མོ་ཡིན།
ནངས་སྔ་དྲོའི་ཉི་རྩེ་རི་ལ་བསུས་ཏེ།
ཇ་དང་བོའི་མཆོད་ཁ་ཁྱོད་ཀྱིས་འཕངས།
ཨ་་་ ཆུ་ལེན་བུ་མོ།
མ་སྲུ་མོའི་གཤིས་མཛངས་སྣོམ་པའི་མཐོ་སྒང་བུ་མོ།
གསོམ་དཀར་ཟོ་བ་ཁུར་ཏེ།
ཆུ་སྐྱོགས་ཟོ་བས་བཏེགས་ཏེ།
ཆུ་མོའི་ལམ་དུ་ཞུགས་དུས།
ལས་སྐལ་དམན་སོང་མ་བསམ།
ཨ་་་ ཆུ་ལེན་བུ་མོ།
ཁྱོད་ཀྱིས་འཁུར་བའི་གསོམ་དཀར་ཟོ་བའི་ཆུ་མོ་དེ།
ལྷ་དཀོན་མཆོག་མཆོད་པའི་ཡོན་ཆབ་ཡིན།
རྒྱང་མགྲོན་པོ་བསུ་བའི་གསོལ་ཆབ་ཡིན།
ཨ་་་
ཕ་ཨ་ཁུའི་གཏམ་རྒྱུད་རུམ་པའི་ཆུ་ལེན་བུ་མོ།
མ་སྲུ་མོའི་མཛངས་སྤྱོད་འཁུར་བའི་མཐོ་སྒང་བུ་མོ།
(གཞས་ཚིག་འདིའི་བདག་དབང་མགར་བསམ་འགྲུབ་ཚེ་རིང་ལ་ཡོད།)
འོད་ཀྱི་ས་བོན།
མི་ལོ་སྟོང་གི་ནམ་ཟླའི་ཁྲོད་ནས། གཟིམ་མ་མྱོང་བའི་མར་མེ་སེར་བོ་དེ་ཁྱོད་ཡིན།
མི་རབས་དུ་མའི་ལག་ཟུང་བར་ནས། བརླག་མ་མྱོང་བའི་འོད་ཀྱི་ལྡེ་མིག་དེ་ཁྱོད་ཡིན།
ཨོ་་་་ འོད་ཀྱི་ས་བོན། གསེར་གྱི་གླེགས་བམ།
སྐྱེས་ཆེན་དུ་མར། འཆད་རྩོད་ཀྱི་ལྗགས་རྩལ་ཡངས་པོ་ཁྱོད་ཀྱིས་བསྩལ་མྱོང་།
དམ་པ་མང་བོར། རིག་གྲོལ་གྱི་རྟོགས་པ་ཟབ་མོ་ཁྱོད་ཀྱིས་བྱིན་མྱོང་།
ཁྱོད་ཆུ་དང་ཆར་བའི་ཟོལ་གྱིས། ཁྱོད་ཉི་མ་ཟླ་བའི་ཚུལ་གྱིས།
སྣོད་འཇིག་རྟེན་རྒྱས་པའི་གྲོགས་སུ་གྱུར་ཡོད། བཅུད་སེམས་ཅན་བདེ་བའི་རྟེན་དུ་གནས་ཡོད།
ལོ་རྒྱུས་རིང་མོའི་འཕེལ་འགྲིབ་ཁྲོད་ནས། ཡལ་མ་མྱོང་བའི་ཞི་བའི་སྨན་མཆོག་དེ་ཁྱོད་ཡིན།
ཁ་བ་རི་བོའི་གོད་ཆག་ཀློང་ནས། བརྗེད་མ་མྱོང་བའི་སྙིང་གི་ནོར་བུ་དེ་ཁྱོད་ཡིན།
ཨོ་་་་ འོད་ཀྱི་ས་བོན། གསེར་གྱི་གླེགས་བམ།
ཕ་དང་མེས་པོར། གཞན་ཕན་གྱི་བློ་རྩ་དཀར་བོ་ཁྱོད་ཀྱིས་བསྩལ་མྱོང་།
མ་དང་སྲུ་མོར། སྙིང་རྗེ་ཡི་སེམས་རྒྱུད་ལྷོད་པོ་ཁྱོད་ཀྱིས་བྱིན་མྱོང་།
ཁྱོད་གངས་དང་ཁ་བའི་ཟོལ་གྱིས། ཁྱོད་རླུང་དང་བསེར་བུའི་ཚུལ་གྱིས།
གངས་དབུ་འཕང་མཐོ་བའི་གྲོགས་སུ་གྱུར་ཡོད། བོད་མགོ་ནག་འཚོ་བའི་རྟེན་དུ་གནས་ཡོད།
སྦྲ་མཐིང་སྨུག
གནའ་སྔ་མོ་བོད་ཀྱི་ཞིང་ཁམས་འདིར།
སྦྲ་མཐིང་སྨུག་འབྲོག་པའི་གཞིས་ཁྱིམ་ཡིན།
དུས་དེ་རིང་བོད་ཀྱི་ཞིང་ཁམས་འདིར།
སྦྲ་མཐིང་སྨུག་མེས་པོའི་གཏམ་རྒྱུད་ཡིན།
སྦྲ་མཐིང་སྨུག གསར་རྙིང་གི་མི་རབས་བར་ནས།
ཆོན་ཐག་དེ་ག་ལེར་ཆད་སོང་།
ཁ་ཚུབ་དེ་ག་ལེར་རལ་སོང་།
སྦྲ་མཐིང་སྨུག ཁྱོད་དགོང་ཁའི་ཉི་ཟེར་ལ་འགྲོགས་ནས།
ཁྱོད་དུས་ཀྱི་བཞུར་རྒྱུན་དང་བསྡོངས་ནས།
མི་རབས་ཤིག་གི་མགོ་ཐོག་ནས་ཡལ་སོང་།
ལོ་རྒྱུས་ཤིག་གི་ལྟེབས་བར་ལ་ཐིམ་སོང་།
གནའ་སྔ་མོ་མེས་པོའི་ཕ་གཞིས་འདིར།
འབྲོང་བྲེ་ལོ་འབྲོག་པའི་སྒོ་ཟོག་ཡིན།
དུས་དེ་རིང་མེས་པོའི་ཕ་གཞིས་འདིར།
འབྲོང་བྲེ་ལོ་ཨ་ཁུའི་ངག་རྒྱུན་ཡིན།
འབྲོང་བྲེ་ལོ། ལོ་རྒྱུས་ཀྱི་དར་རྒུད་ཁྲོད་ནས།
རྭ་རྩེ་དེ་ག་ལེར་ཉིལ་སོང་།
མཆོང་རྩལ་དེ་ག་ལེར་ཉམས་སོང་།
འབྲོང་བྲེ་ལོ། ཁྱོད་ལ་ཁའི་ཉི་མ་དང་འགྲོགས་ནས།
ཁྱོད་ལ་རྟིང་གྲིབ་མ་ལ་བསྡོངས་ནས།
མི་རབས་ཤིག་གི་མིག་ལམ་ནས་བོར་སོང་།
ལོ་རྒྱུས་ཤིག་གི་ཆག་འཇིག་ལ་ཐིམ་སོང་།
(གཞས་ཚིག་འདིའི་བདག་དབང་སྒྲོལ་མ་སྐྱབས་ཆུང་བ་ལ་ཡོད།)