ར་ཤི་ཡའི་དམངས་ཁྲོད་སྒྲུང་གཏམ།

 ལྐུག་རྟགས་ཚ་བའི་སྤྱང་ཀུ།

༄༅།། ཉིན་གཅིག་སྤྱང་ཀི་ལྟོགས་ཏེ། ཟས་འཚོལ་དུ་སོང་བའི་ཚེ། རི་འབུར་འབུར་ཞིག་གི་འདབས་ན། ར་མ་ཞིག་གིས་རྩྭ་ཟ་བཞིན་པ་མཐོང་། དེ་ནས་མདུན་དུ་སོང་སྟེ། ཡ། ར་རྒན་མ། ར་རྒན་མ། ངས་ཁྱོད་ཟ་གི་ཡིན་ཞེས་ལབ། ར་མས་སྤྱང་ཀིའི་གདོང་ལ་གཅིག་བལྟས་ཏེ། ཁྱོད་སུ་ཡིན་ནམ། ཁྱོད་ཀྱིས་ང་ཟ་གི་ཡིན་ལབ་ཀྱིན་ཡོད་དམ་ཞེས་
དྲིས། ང་སྤྱང་ཀི་ཡིན། ངས་ནུབ་ཚ་ཞིམ་པོ་ཞིག་འཚོལ་གྱིན་ཡོད་ཅེས་སྤྱང་ཀིས་ལན་བཏབ། ར་མས་ཁྱོད་རིགས་གང་ལ་གཏོགས་པའི་སྤྱང་ཀི་ཡིན་ཞེས་དྲིས་པ་དང་། ཁྱོད་ཁྱི་རྒན་ཞིག་མ་རེད་དམ་ཞེས་ཟུར་ཟ་བྱས། སྤྱང་ཀིས། མིན། ང་ཁྱི་རྒན་ཞིག་མིན། ང་སྤྱང་ཀི་ངོ་མ་ཡིན་ཞེས་ཨུ་ཚུགས་བྱས་པ་ན། ར་མས། ཡ་ཡ། འགྲིག་གི་འགྲིག་གི། ཁྱོད་སྤྱང་ཀི་ཡིན་ན་ཁྱོད་ཀྱིས་རི་འབུར་འབུར་འདིའི་གཤམ་ནས་ཁ་གདངས་ནས་སྡོད་ དང་། ང་རི་མགོ་ནས་མར་རྒྱུགས་ཤར་གློད་དེ་ཁྱོད་ཀྱི་ཁ་ནང་དུ་ཤར་སེ་འཛུལ་ཆོག་ཅེས་བཤད།


དེ་ནས་སྤྱང་ཀིས་རི་འདབས་ནས་ཁ་ཆེན་པོ་ཞིག་གདངས་ཏེ་བསྡད་པ་དང་།  ར་མ་ཡར་རི་མགོར་འཛེགས་ཏེ། ཤུགས་ཡོད་ཚད་ཀྱིས་མར་རྒྱུགས་འོངས་ནས། མགོའི་ར་ཅོ་གཉིས་ཀྱིས་སྤྱང་ཀི་ལ་གཅིག་གཞུས་པ་ན། སྤྱང་ཀི་དྲན་མེད་དུ་བརྒྱལ་ཏེ་མར་ས་ལ་འགྱེལ། དེ་ནས་ར་མས་གླུ་ཆུང་ཞིག་ལེན་ཞོར་དུ་རང་གི་ནང་ལ་ཕྱིན་སོང་།
སྤྱང་ཀི་དྲན་པ་གསོས་དུས། ར་མ་མཐོང་སར་མེད་པ་རེད། སྤྱང་ཀིས་རང་ལ་ལེ་བདའ་འདི་ལྟར་བྱས། ང་ཇི་འདྲའི་ལྐུགས་པ་ལ། ར་མ་ཞིག་སྤྱང་ཀིའི་ཁ་ནང་ལ་མཆོངས་ལབ་པ་ཞིག་སུས་ཀྱང་མཐོང་མྱོང་ཡོད་དམ། ཞེས་ཟས་འཚོལ་བར་མུ་མཐུད་ནས་མདུན་དུ་བསྐྱོད།

 

དེ་ནས་སྤྱང་ཀི་ཕར་ཅུང་ཟད་སོང་བ་ན། ལུང་པ་ཞིག་གི་ནང་དུ་རྟ་ཞིག་གིས་རྩྭ་ཟ་བཞིན་པ་མཐོང་། མདུན་དུ་སོང་སྟེ། ཡ། རྟ་རྒན། རྟ་རྒན། ངས་ཁྱོད་ཟ་གི་ཡིན་ཞེས་བཤད། རྟ་དེས་སྤྱང་ཀིའི་གདོང་ལ་གཅིག་བལྟས་ཏེ། ཁྱོད་ཀྱིས་ང་ཟ་གི་ཡིན་ལབ་ཀྱི་ཡོད་དམ། མ་གཞི་ཁྱོད་སུ་ཡིན། ངས་ཁྱོད་སུ་ཡིན་པ་ཤེས་ན་འདོད་ཀི་ཞེས་ལན་བཏབ། སྤྱང་ཀི་ན་རེད། ང་སྤྱང་ཀི་ཡིན་ཞེས་ཡང་བསྐྱར་བཤད། རྟ་དེས། མ་རེད། ཁྱོད་སྤྱང་ཀི་མ་རེད། ཁྱོད་ཁྱི་རྒན་ཞིག་མ་རེད་དམ་ཞེས་དྲིས། སྤྱང་ཀིས། མིན། ང་ཁྱི་རྒན་མིན། ང་སྤྱང་ཀི་ངོ་མ་ཡིན་ཞེས་ནན་བཤད་བྱས་པ་ན། རྟ་དེས། ཡ་ཡ། འགྲིག་གི་འགྲིག་གི། ཁྱོད་སྤྱང་ཀི་ཡིན་ན་དང་པོ་ངའི་རྔ་སྣེ་ནས་འགོ་བཙུགས་ཏེ་ཟོ་དང་། ངས་ཀྱང་ཅི་ཐུབ་གང་ཐུབ་གྱིས་རྩྭ་ཟོས་ཏེ། ཤེད་ཤུགས་རྒྱས་སུ་འཇུག་ཅེས་བཤད།

 

སྤྱང་ཀིའི་སེམས་ལ་རྟ་དེས་བཤད་པ་ལ་རྒྱུ་མཚན་འདུག་བསམ་སྟེ། རྟའི་འཕོངས་ཀྱི་སར་སོང་སྟེ། རྔ་སྣེ་རུ་སོ་འདེབས་གྲབས་ཡོད་དུས། རྟ་དེས་ཤུགས་ཡོད་ཚད་གྱི་ཕྲ་གཅིག་འཕངས་པ་དང་། ཕྲ་དེ་སྤྱང་ཀིའི་དཔྲལ་བར་ཕོག་སྟེ་རེ་ཞིག་དྲན་མེད་དུ་བརྒྱལ། རྟ་འཚེར་ཤོར་དུ་ཕྱིར་རུ་ནང་དུ་རྒྱུགས་ཐེངས་གཅིག་ལ་རྒྱུགས་སོང་།
སྤྱང་ཀི་དྲན་པ་གསོས་དུས། རྟ་མཐོང་སརམེད་པ་དང་། དེ་ནས་དཔྲལ་བ་ལག་པས་བསྐྱོར་ཏེ། རང་གིས་རང་ལ་ལེ་བདའ་འདི་ལྟར་བྱས། ང་ཇི་འདྲའི་གླེན་པ་ཞིག་རེད་ཨང་། ང་ཇི་འདྲའི་ལྐུགས་པ་ཞིག་རེད་ཨང་། རྟའི་རྔ་སྣེ་ནས་ཟོ་ལབ་པ་ཞིག་སུ་ཞིག་གིས་ཐོས་མྱོང་ཡོད་དམ་ཞེས་རང་གིས་རང་འཁངས་ར་བྱེད་ཞོར་དུ་མདུན་དུ་བསྐྱོད།


དེ་ནས་སྤྱང་ཀི་ཕར་ཅུང་ཟད་སོང་བ་ན། ཕག་པ་ཞིག་གི་གདོང་ཁོ་ལ་གཏད་དེ་རྒྱུགས་ཡོང་གི་ཡོད་པ་མཐོང་བ་དང་། ཕག་པ་མདུན་ལ་སླེབས་དུས། སྤྱང་ཀིས། ཡ། ཕག་པ། ཨ་རོགས་ཕག་པ། ངས་ཁྱོད་ཟ་གི་ཡིན་ཞེས་བཤད། ཕག་པས་ཁྱོད་སུ་ཡིན་ནམ། ཁྱོད་ཀྱིས་ང་ཟ་གི་ཡིན་ལབ་ཀྱི་ཡོད་དམ་ཞེས་དྲིས། སྤྱང་ཀིས་ང་སྤྱང་ཀི་ཡིན་ཞེས་ལན་བཏབ། ཕག་པའི་མགོ་བོ་གཡུག་ཞོར་དུ། མ་རེད། ཁྱོད་ཁྱི་རྒན་ཞིག་རེད་ཅེས་བཤད། སྤྱང་ཀིས། མིན། ང་ཁྱི་རྒན་མིན། ང་སྤྱང་ཀི་ངོ་མ་ཡིན་ཞེས་ནན་བཤད་བྱས། ཕག་པས་ཡ་ཡ། ཁྱོད་སྤྱང་ཀི་ཡིན་ན་འགྲིག་འདུག།


དང་པོ་ཁྱོད་ཀྱིས་ངའི་རྒྱབ་ལ་ཞོན་དང་། ངས་ཁྱོད་འཁུར་ནས་འགྲོ། དེ་ནས་ཁྱོད་ཀྱིས་ང་ཟོས་ན་ཆོག་ཅེས་བཤད། སྤྱང་ཀིའི་བསམ་པར་ཕག་པ་བཞོན་ནས་སྐོར་རྒྱུག་ཞིག་བྱས་ཏེ། ཕག་པ་ཐང་ཆད་པའི་སྐབས་སུ་ལས་སླ་བོར་ཟ་ཐུབ་ངེས་རེད་བསམ་སྟེ། ཕག་པའི་རྒྱབ་ལ་བཞོན་པ་རེད། དེ་མ་ཐག་ཕག་པས་སྤྱང་ཀི་ཁུར་ཏེ། ཐད་ཀར་གྲོང་ནང་དུ་ཤུགས་ཀྱིས་རྒྱུགས། སྐབས་དེར། གྲོང་འདབས་ཀྱི་ཁྱི་ཚང་མ་འུར་འོངས་ཏེ་སྤྱང་ཀིའི་མཐའ་ནས་བསྐོར་བ་དང་བརྙས་མང་པོ་བརྐོས། སྤྱང་ཀི་ངོ་ཚ་བ་དང་། ཁ་སྐྱེངས་ཏེ་ཕྱིར་ནགས་གསེབ་ཏུ་བྲོས་དགོས་བྱུང་བ་རེད།

མཁས་གྲུབ་གྱིས་བསྒྱུར། བསེ་རུས་ལེགས་བཅོས་བྱས།

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག