སྡོམ་དང་རྒྱལ་པོ།

 

༄༅ །། འཇིགས་མེད་སེང་གེ་ནི་ཡུལ་གངས་ཅན་གྱི་རྒྱལ་པོ་ཞིག་ཡིན་ལ། ཁོང་ལ་མངོན་འདོད་གཅིག་ཡོད་པ་ནི་རང་གི་རྒྱལ་ཁབ་ཕྱིར་བཙན་རྒྱལ་རིང་ལུགས་པའི་དབང་འོག་ནས་ལེན་རྒྱུ་དེ་རེད། དེའི་ཕྱིར་ཁོང་གིས་བཙན་རྒྱལ་རིང་ལུགས་པར་དམར་འཛིངས་ཐེངས་མང་པོ་བྱས་ཀྱང་། ཕམ་ཁ་ཁོ་ན་ལས་རྒྱལ་ཁ་ཁྱོན་ནས་ལེན་མ་ཐུབ་པས། མཐའ་མར་ཁོས་གཡུལ་འགྱེད་བྱེད་རྒྱུ་བཞག་སྟེ། ཤིང་ནགས་ཀྱི་དཀྱིལ་ལ་བྲོས་པ་དང་བྲག་ཕུག་ཅིག་ཏུ་ཡིབ་ནས་བསྡད་དོ།།

 

ཉིན་ཞིག་རྒྱལ་པོ་བྲག་ཕུག་གི་སྒོར་གནས་པའི་ཚེ། སྡོམ་ཞིག་གིས་སྡོམ་ཚང་བཟོ་བཞིན་པ་མཐོང་། སྡོམ་དེ་སྡོམ་ཐག་འཐེན་པ་ལ་བྲེལ་ཏེ་ཡར་རྒྱུག་མར་རྒྱུག་བྱེད་བཞིན་པའི་སྐབས་སུ། ཡང་ཡང་སར་ཟག་པ་དང་སྐབས་སྐབས་ལ་དྲན་པའང་འཐོར་གྱི་ཡོད་པ་རེད། ཡིན་ནའང་སྡོམ་དེ་ཡར་ལངས་ནས་ལས་ཀའི་མཇུག་མུ་མཐུད་སྐྱོང་བཞིན་པ་མཐོང་དུས། རྒྱལ་པོའི་སེམས་ལ་སྲོག་ཆགས་ཉམ་ཆུང་འདི་ལ་སེམས་ཤུགས་དང་ཧུར་བརྩོན་འདི་འདྲ་ཆེ་ན། ངའི་དཔའ་ཞུམ་སྟེ་ཕྲག་ཕུག་ཏུ་ཡིབ་ནས་འདུག་པ་འདི་ངོ་གནོང་བའི་བྱ་བ་རེད་སྙམ་པ་དང་། སྡོམ་གྱིས་སྡོམ་ཚང་མ་འགྲུབ་བར་དུ་ཁོས་སྡོམ་གྱི་སྙིང་སྟོབས་དང་སེམས་ཤུགས་ཡིད་སྨོན་སྐྱེ་བཞིན་བསྡད།།

 

དེ་ནས་རྒྱལ་པོས་སྙིང་རུས་དང་སྤོབས་སེམས་ལ་བརྟེན་ན་ལས་དོན་གང་ཡང་འགྲུབ་སྲིད་པའི་ཡིད་ཆེས་སྙེད་དེ། སླར་ཡང་གཡུལ་དུ་ཞུགས་ཏེ་འཐབ་འཛིངས་དྲག་པོ་ལན་གྲངས་དུ་མར་བྱས་མཐར། གཡུལ་ལས་རྒྱལ་ཐུབ་པ་མ་ཟད་རྒྱལ་ཁབ་གྱི་རང་དབང་ཡང་ཕྱིར་བསྐྱར་གསོ་ཐུབ་པ་རེད།།